༄༅།།རིག་གནས་ཆུང་བ་ལྔ་ཅུང་ཟད་གླེང་བ་ཚིགས་སུ་བཅད་པ་གསར་སློབ་འགུགས་པའི་དུང་བརྡ།

发布时间:2017-06-15 03:04:01

འཇམ་དབྱངས་ཐོན་མིའི་རྣམ་དཔྱོད་པིར་རྩེ་ཡིས། །
བརྡ་གཞུང་མཛེས་པའི་རི་མོ་བྱེ་བའི་གཟུགས། །
གངས་ཅན་རིག་པའི་མཁའ་ལ་བྲིས་པ་ཉིད། །
བླང་དོར་མཐོངས་ཀ་ཕྱེ་བའི་ལྡེའུ་མིག་གྱུར། །
ཚད་ལྡན་བརྡ་གཞུང་རྩ་ཐིག་བཏབ་པའི་རིས། །
མཁས་དགུའི་དགོངས་འགྲེལ་ཚོན་རྩིས་བྱུགས་པ་ཡི། །
སྒྲ་རིས་ལེགས་བྲིས་ལྷ་ཡི་བཞིན་ལག་ཅན། །
ཕྱི་རབས་རྒྱུན་འཛིན་གཞོན་ནུའི་བགོ་སྐལ་བསྐྲུན། །
འདི་ཕྱི་དགེ་ལེགས་འཇོ་བའི་རིགས་བརྒྱའི་སྒོ། །
འབྱེད་པའི་སྒྲ་རིག་གསེར་གྱི་ལྡེའུ་མིག་འདི། །
མེད་ན་རིག་ཀུན་འཇིག་པའི་ཉེན་མཐོང་ནས། །
འབད་འབུངས་ལྷོད་པ་མེད་པས་འཛིན་སྐྱོང་གཅེས། །
སྒྲ་རིག་ཁོངས་གཏོགས་རིག་པའི་བུ་ཆུང་ལྔ། །
སོ་སོའི་གནས་སུ་རྩེན་པའི་ཉམས་འགྱུར་རྣམས། །
ཅུང་ཟད་གླེང་བར་སྤྲོ་འཛུམ་བཞད་དང་ལྷན། །
ཀུན་རྟོག་སྨྱུག་རྩེ་རི་མོ་ཅུང་ཟད་འཁྱུགས། །
མིང་གི་རྣམ་གྲངས་རྒྱུ་སྐར་ཕྲེང་བ་རྣམས། །
མངོན་བརྗོད་གཞུང་གི་མཁའ་ལ་འཆར་བའི་བརྙན། །
སོར་རྟོག་ཤེས་རབ་མིག་གིས་ཞིབ་བརྟག་ཚེ། །
དོན་གཅིག་འོད་ཀྱི་འཚོ་བ་མང་དུ་མཆིས། །
འདས་པའི་ལོ་རྒྱུས་ད་ལྟའི་གཟུགས་བརྙན་དུ། །
ཟློས་ཤིང་གར་ལ་རྩེན་པའི་གཟིགས་མོ་དག །
ཆས་དང་རྒྱན་གོས་སྐད་རིགས་སོ་སོ་རྣམས། །
ཇི་བཞིན་བྱུང་ན་ཟློས་གར་རིག་པ་དངོས། །
རྩིས་ཀྱི་ཆོ་ག་སོར་མོའི་འཕྲུལ་ཐབས་ལས། །
ལྐོག་གྱུར་ཆོས་ཀྱི་བླང་དོར་གཟུགས་བརྙན་འབུམ། །
གསལ་བར་མཐོང་བའི་མངོན་ཤེས་རྩིས་རིག་འདི། །
ཚན་རིག་སྟོང་གི་རལ་བའི་རྩེ་མོར་བཏགས། །
ཡི་གེ་ལྕི་ཡང་སྲང་གིས་འཇལ་བའི་རྫས། །
སྡེབ་ཁ་མ་ནོར་ཚིགས་སུ་སྦྱོར་བའི་གཤིས། །
ལེགས་པར་ཤེས་ནས་སམ་བོད་ཤོ་ལོ་ཀ །
ཅི་འདོད་འཁྱུགས་པ་སོར་མོའི་རྩེ་ལས་འཇོ། །
བཅད་ལྷུག་སྤེལ་མའི་ལུས་ཀྱི་འགྱིང་བག་ལ། །
མཛེས་བྱེད་རྒྱན་གྱིས་སྤུད་པའི་བུ་མོ་འདི། །
སྙན་ངག་གཞུང་ལ་སྲེད་པའི་གཞོན་ནུ་ལ། །
བག་སྐལ་རྒན་རབས་མཁས་པས་གྲོས་སུ་བཏབས། །
གནའ་དེང་མཁས་པའི་རྣམ་དཔྱོད་ལས་འཁྲུངས་པའི། །
ཐུན་མིན་སྒྲ་ཚད་བཟོ་གསོ་ནང་དོན་སོགས། །
རིག་གནས་ཆེ་ཕྲ་ཕྱོགས་ཀྱི་གྲངས་ལྡན་པ། །
རང་རིགས་འཕྲལ་ཡུན་འཚོ་བའི་སྲོག་དབང་ཉིད། །


上一篇:རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་ལོ་རྒྱུས།

下一篇:༄༅།། མདོ་སྨད་ཀྱི་ལོ་རྒྱུས་ལས་གླིང་གེ་སར་གྱིས་དབང་བསྒྱུར་ཚུལ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1792505 位访客