༄༅།། མདོ་སྨད་ཀྱི་ལོ་རྒྱུས་ལས་གླིང་གེ་སར་གྱིས་དབང་བསྒྱུར་ཚུལ།

发布时间:2017-06-15 03:17:10

 མདོ་ཁམས་སྟོད་སྨད་ཀྱི་ས་མཚམས་སུ།གླིང་སེང་ཆེན་གེ་སར་ནོར་བུ་དགྲ་འདུལ་ཞེས་པའི་དཔའ་བོ་སྟོབས་ལྡན་ཞིག་གིས།ཕྱོགས་བཞིའི་དགྲ་བཏུལ་བའི་ལོ་རྒྱུས་སྐད་གྲགས་ཅན་ཡོད་ལ།དེའི་འབྱུང་ཁུངས་སོགས་ནི་བོད་ཀྱི་རུས་མཛོད་རྙིང་པ་དག་ཏུ་གསལ་བ་ལྟར་བཤད་པར་བྱ་སྟེ།བོད་ཀྱི་རུས་ཆེན་བཞིའི་ནང་གི་ལྡོང་ལ་ཨ་སྤོ་ལྡོང་ཞེས་ཟེར་ལ།གནའ་སྒྲུང་ལས་ལྡོང་ཆེ་གཉན་ཅན་ཞེས་དབུ་འཕང་མཐོ། ཞེས་དང་།རི་མཐོན་པོ་གསུམ་དེ་ལྡོང་ལ་ཐོབ། །ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང་།།ཞེས་སྒྲུང་གླུ་འདི་དག་གི་དོན་ནི། དཔེ་ཐོབ་ཀྱི་གླུ་གཉིས་དང་།དོན་ཐོབ་ཀྱི་གླུ་གཉིས་ཏེ་བཞི། རུས་ཆེན་བཞིར་ཡོད་པ་ལས།ལྡོང་ལ་དཔེ་ཐོབ་ཀྱི་གླུ་ཡིན་ཏེ།རི་རྩེ་མོ་གསུམ་གྱི་དཔེ་ལྟར་དབུ་འཕང་མཐོ་བའི་དོན་ཡིན་ཞིང་། སྤྱིར་ལྡོང་འདི་མང་ལ།ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཡོད་ཟེར། འདི་ནི་ཕུ་བོ་ལྡོང་དང་།ཡུམ་མཆོག་འབྲི་སྒ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ཡིན་ལ། འདི་ལ་དཀར་པོ་ལྡོང་དང་།ནག་པོ་ལྡོང་དང་། ཁྲ་བོ་ལྡོང་དང་སྨུག་པོ་ལྡོང་གི་རིགས་དང་བཞི་ཡོད་ལ།འདི་རིགས་རྣམས་སུ་འཁྲུངས་པའི་སྐྱེས་བུ་དཔལ་རྩལ་དགུ་ལྡན།སྔོན་བྱོན་དག་གི་ལོ་རྒྱུས་མང་།ལྡོང་རིགས་འདི་ནི་དབུས་གཙང་པར་ཁམས་ཨ་མདོ་སོགས་སུ་སྔར་ནས་ཡོད།ཁྱད་པར་དུ་བར་ཁམས་ས་ཆ་འདི་ནི། ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི།སྒང་དྲུག་ལས་ཟལ་མོ་སྒང་དུ་གྲགས་པའི་ས་འདི་ལ། གླིང་ཁྲི་གོང་འོག་བར་གསུམ་ཡོད་པ་ནི།གླིང་ཁྲི་གོང་མའི་ས་ནི་ཁམས་སྟོད་འབྲི་ཀླུང་གི་ས་ཆ་རྣམས་དང་།དེ་ལས་བྷེ་སྒོམ་གྱི་རྫ་རི། དེ་ལས་ཕུ་ན་གཡའ་བྲག་དང་།གངས་བྲག་གཡའ་བྱ་བའི་རི་ཁྲོད་ངོ་མཚར་ཅན་ཡོད་པ།མདའ་ན་གོང་ཟི་མང་འབྲུག་གཉིས་ཀྱི་དཔོན་ཆེན། གླིང་ས་ལྡོང་སེང་བློན་ཡིན་ལ།སེང་བློན་གྱི་བུ་ཆེ་བ་རྒྱ་ཚ་ཞལ་དཀར་སོགས་ཡིན།གླིང་ཁྲི་བར་མའི་ས་ཆ་ནི་ཤར་ཟླ་རོལ་གྱི་ས་ཆ་རྣམས་དང་།གླིང་ཁྲི་འོག་མའི་ས་ཆ་ནི་མདོ་ཁམས་རྨར་རོལ་ཡིན་པར་བཤད་ལ།གླིང་ཁྲི་ཞེས་པ་ནི་མི་ཁྱིམ་ཁྲི་ཚོ་རེའི་བདག་པོ་ཡིན་ལ།ཁྲི་དམག་གསུམ་གྱི་དཔུང་གི་བདག་པོ་ཡིན་པས་དེ་ལྟར་གྲགས་སོ།

ལྡོང་གླིང་བ་དེ་ལ།ཆེ་རྒྱུད་དང་། འབྲིང་རྒྱུད་དང་། ཆུང་རྒྱུད་དང་གསུམ་ཡོད་པ་སོགས་ཀྱི་ལོ་རྒྱུས་ནི།འདི་པའི་ཆེ་རྒྱུད་ཀྱི་དཔོན་ནི་སྟག་རོང་གི་གཟིག་འཕེན།འབྲིང་རྒྱུད་ཀྱི་དཔོན་པོ་ནི་འབྲི་རོང་གི་སྟག་ལྷ།ཆུང་རྒྱུད་ཀྱི་དཔོན་པོ་ནི་ཀླ་རོང་གི་ཨ་མྱེ་ཁྱ་རྒན་ཁྲ་བོ།འདི་ཚེ་ཤིན་ཏུ་རིང་བ་ཞིག་ཡིན་པས་ཁྲོ་རྒན་ཟེར། མིང་དངོས་ལ་ཁྲོ་བོ་སྐྱབས་ཟེར།འདིའི་བུ་ཆེ་བ་ཁྲོ་བོ་འཕན་ནི་ཁྲོ་ཐུང་ཡིན། འབྲིང་བ་སེང་བློན་དང་།ཆུང་བ་གནང་ཆུང་གཡུ་སྟག་ཡིན། སེང་བློན་དང་རྒྱ་བཟའི་བུ་རྒྱ་ཚ་ནི་ཁོང་རྒྱལ་དང་།འགག་མོའི་བུ་གེ་ཁོད་སྐྱབས་ནི། ཆུང་དུས་ནས་ཕོ་རྩལ་སྣ་དགུ་དང་ལྡན་པས། སེང་ཆེན་དང་།གེ་སར་ཡང་ཟེར་ལ། ཆུང་དུས་ཇོ་རུ་ཡང་ཟེར།རྗེས་ནས་གླིང་གི་ཡུལ་འདི་ཐམས་ཅད་ཀྱི་བདག་པོ་རྒྱལ་པོར་གྱུར་པས།འཛམ་གླིང་གི་ཡུལ་འདི་ཐམས་ཅད་ཀྱི་བདག་པོ་རྒྱལ་པོར་གྱུར་པས།འཛམ་གླིང་གི་རྒྱལ་པོ་ལྟར་རེད་ཅེས་ཟེར་ནས།འཛམ་གླིང་རྒྱལ་པོ་སེང་ཆེན་ཞེས་གྲགས་པ་ནི་ཆེ་བརྗོད་དོ།།ཁོང་གིས་སྒ་སྐྱ་ལོའི་བུ་མོ་འབྲུག་མོ་ཞེས་གྲགས་པ་ཁབ་ཏུ་བཞེས།ཁོང་གི་འཁོར་ཕུ་ནུ་དཔལ་ཐུལ(རྟུལ)སུམ་ཅུ་སོགས་དང་། བློན་པོ་ནི།སྒ་དཔའ་ཐུལ་ཚ་ཞང་འདན་མ་བྱང་ཁྲ་རེད། ཚ་ཞང་ཞེས་པའི་རྒྱུ་མཚན་ནི།གླིང་ཆུང་རྒྱུད་ཀྱི་ཚ་བོ་དང་ཞང་བོ་གཉིས་ཀ་ཡིན་པའི་རྒྱུ་མཚན་གྱིས་རེད།གླིང་ཁྲི་གོང་མའི་དཔོན་རྒྱུད་ནི།སྔོན་འབྲི་ཀླུང་ཉིན་གྱི་ཕོ་བྲང་ཆེན་པོ་ལྕགས་ར་བསམ་འགྲུབ་རྩེར་གླིང་ཆེན་པོ་བདག་དྲུང་གི་བར་དུ་ཡོད།ད་ལྟའི་ཁམས་སྡེ་དགེའི་རྒྱལ་རྒྱུད་ཀྱང་དེའི་གདུང་རིགས་ཡིན་ཟེར།བར་ཁམས་སུ་བྱུང་བའི་རྙིང་མའི་བླ་མ་རིག་འཛིན་མགོན་པོ་ལྷུན་འགྲུབ་ཀྱང་དེའི་གདུང་རིགས་ཡིན་ཟེར།གླིང་ཁྲི་བར་མའི་གདུང་རིགས་ནི་འབྲི་ཀླུང་ཉིན་གྱི་གླིང་ཁར་རག་སྟག་ཕོ་བྲང་དུ་བཞུགས་པའི་རྗེ་རིགས་རྣམས་ལས་དེང་སྐབས་སུ་གླིང་རྗེ་དྲུང་རིན་པོ་ཆེ་དང་།གླིང་དཔོན་མགོན་ཐར་སྐུ་མཆེད་ད་ལྟ་བཞུགས་པ་རྣམས་ཡིན་ཞེས།མི་བུ་གདུང་དྲུག་གི་རུས་མཛོད་ལས་གསུངས་སོ།།

གླིང་བར་མ་འདིའི་མི་རིགས་པད་མ་ཚེ་བརྟན་ཟེར་བ་མགོ་ལོག་ཡུལ་དུ་འཁྱར་འོངས་ནས།མགོ་ལོག་འབུམ་ཡག་གི་ནང་འཁོར་ཕྱག་མཛོད་བྱས་ནས་བསྡད།ཕྱིས་ནས་ཁྱིམ་ཐབ་བཟུང་བས་བུ་གསུམ་དང་འཁོར་གཡོག་མང་བ་དང་།ཁོ་རང་ཡང་དཔལ་རྩལ་ཆེ་བ་ཞིག་ཡིན་པས། མིས་ཟེར་སྲོལ།“མགོ་ལོག་ཁག་གསུམ་གླིང་དང་བཞི།།མ་ཚད་རྗེ་དང་འདྲ་འདྲ་ཡིན། །ཚད་ན་རྗེ་ཡི་ལྷག་པ་ཡིན། །”ཟེར་བ་དེ་བྱུང་།དེའི་མི་རྒྱུད་ནི་ད་ལྟའི་དབང་ཆེན་སྟོད་མའི་གླིང་འདི་རྣམས་ཡིན་པ་དང་།གླིང་བར་མའི་རྗེ་རིགས་ལྷ་དབང་ཟེར་བ་མགོ་ལོག་པད་མ་རོལ་ཉིན་གྱི་སྨུག་ཆེན་ཨ་ཝི་ནང་དུ་བསྡད་པའི་བུ་ཆེ་བ་ཚེ་དབང་།ཆུང་བ་མགོན་པོ་དབང་གཉིས་ཡོད།ཚེ་དབང་སོག་པོས་བཙོན་དུ་བཟུང(ཧོར་ཇིང་གིར་གྱི་དུས་ཡིན་འདྲ)།རྗེས་སོར་སོག་མོ་ཞིག་ཁྲིད་ནས་རྨར་རོལ་ཨ་ཝི་ནང་དུ་སླེབས་ནས་བསྡད་པ་ལ་གླིང་སོག་པོ་ཚང་ཟེར་བ་སོགས་གླིང་གི་མི་རྒྱུད་ད་ལྟའང་ཆེས་མང་ངོ་།།

གཞན་ཡང་མགོ་ལོག་སོགས་ཡུལ་གྲུ་དུ་མར་གླིང་གི་ས་ཆ་ནས་འོངས་པའི་སྡེ་ཐམས་ཅད་ལ་གླིང་ཟེར་མོད།དེ་ཐམས་ཅད་གླིང་གི་རྗེ་རིགས་ཡིན་པའི་ངེས་པ་མེད་ཟེར།

ཙོང་ཁའི་རྒྱལ་པོ་དང་།མི་ཉག་ཕན་ཚུན་འཐབ་རྩོད་སོགས་ཀྱི་རྐྱེན་ལས་གཉིས་ཀའི་ཤུགས་ཅུང་ཉམས་པའི་སྐབས་དང་བསྟུན་ཏེ།ཧོར་དམག་གིས་མདོ་སྨད་ཀྱི་ས་ཁུལ་དུ་མར་རྐུ་འཕྲོག་སོགས་བྱས་པར།གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱིས་ཧོར་དང་འཇང་དང་། ཏ་ཟིག་སོགས་ཕམ་པར་བྱས་ཏེ།བར་ཁམས་དང་རྨ་ཆུའི་སྟོད་སྨད་བར་གསུམ་གླིང་གིས་བཟུང་བ་ཡིན་ཏེ། མདོ་སྨད་ཆོས་འབྱུང་ལས།“རྨ་ཆུ་ཤར་ནས་ནུབ་ཏུ་འཁྱོག་པ་རྨ་རྨེ་འདྲེས་མཚམས་སུ་ཚ་གན་པེ་ཤིང་དགའ་ལྡན་རབ་རྒྱས་གླིང་ཇི་ལྟར་བྱུང་ཚུལ་ནི།པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་རྒྱ་ཕེབས་ཀྱི་དུས་སྐྱབས་མགོན་མཆོག་ལ།སྔོན་གླིང་གེ་སར་གྱིས་བཟུང་བའི་ཡུལ་མཛོད་དགེ་ཕྱོགས་དེ་མི་རབས་དུ་མར་འདུག་ཀྱང་།ད་ཕན་གང་འདྲ་ཡོང་མི་ཤེས།དེའི་ས་གནད་ཟིན་ས་ཞིག་ཏུ་དགོན་པ་ཞིག་བྱུང་ན་ཕན་ཐོགས་ཡོད་པ་འདྲ་སྟེ་ཁྱེད་ཀྱིས་དགོན་པ་ཞིག་ཐོབ།ཅེས་བཀའ་གནང་བ་ཐུགས་ལ་བཏགས”ཞེས་གསུངས་སོ།།

གླིང་སེང་ཆེན་གེ་སར་ནོར་བུ་དགྲ་འདུལ་གྱི་དཔུང་གང་དུ་སླེབས་ཤུལ་གྱི་རྗེས་གསལ་པོར་ཡོད་དེ།འགའ་ཞིག་ནི་བདག་གིས་སྔར་བྲིས་ཟིན་པ་ཡོད་ལ། དེ་མིན་དཔེར་ན།རྒྱལ་སྲས་བློ་བཟང་བསྟན་འཛིན་གྱིས་མཛད་པའི་ཅོ་ནེ་དགོན་ཆེན་གྱི་གནས་བསྟོད་ཀ་ལ་པིང་ཀའི་སྒྲ་དབྱངས་ལས།“འདི་ནས་ཤར་ལྷོའི་ཕྱོགས་མཚམས་སུ། །བ་ཡན་ལུང་བ་ཞེས་བྱ་བར།།གེ་སར་རྒྱལ་པོའི་གོ་ཁྲབ་དང་། །གྲུབ་རྟགས་མཚན་མ་ལེགས་པར་གསལ། །”ཞེས་དང་།ཁྲི་བྱང་རིན་པོ་ཆེའི་རྣམ་ཐར་ལས། ཉིན་གཅིག་གནས་དེའི་ཕུར།ཀམ་པོ་གནས་ཞེས་ཐ་སྙད་གདགས་གཞིའི་རྩ་བ་ཕ་བོང་ཆེན་པོའི་ཡི་གེ་ཀ་རང་བྱོན་ཅན་ཞིག་ཡོད་པ་དེ་མཇལ་ཞིང་ཚོགས་འཁོར་ཕུལ།དེའི་ལམ་ཞོར་ལྷ་ཁང་ཞིག་ཏུ་གླིང་གེ་སར་གྱི་དཔལ་རྟུལ་མང་པོའི་གོ་ཁྲབ་དང་།མདའ་གྲི་མདུང་གསུམ་སོགས་མཚོན་ཆ་མང་པོ་དང་།རྒྱ་ཚ་ཞལ་དཀར་གྱི་རལ་གྲི་ཡ་ཟི་སྐར་ཕྲན་སོགས་མཇལ་རྒྱུ་འདུག་ཅེས་གསུངས(མདོ་སྟོད་ཁམས་ཀྱི་ཀ་བོའི་གནས་རེད)།

གླིང་གི་སྒྲུང་ཡིག་རྣམས་སུ།གླིང་གིས་རྨ་ཆུའི་སྟོད་སྨད་བར་གསུམ་བཟུང་བའི་ལོ་རྒྱུས་ལས་གཞན། ཙོང་ཁའི་བདེ་ཐང་དང་།ཙོང་ཁའི་ཆུ་རྒྱུད་རྣམས་དང་། ཟི་ལིང་མཁར་སོགས་བཟུང་བའི་ལོ་རྒྱུས་མེད་པ་ནི།ཙོང་ཁའི་རྒྱལ་པོ་དང་། མི་ཉག་གིས་གང་བཟུང་བའི་ས་དག་ནི།བོད་རང་གི་ལག་ཏུ་ཡོད་གཤིས་དཔུང་འཇུག་མ་བྱས་པར་སེམས་སོ། །


上一篇:༄༅།།རིག་གནས་ཆུང་བ་ལྔ་ཅུང་ཟད་གླེང་བ་ཚིགས་སུ་བཅད་པ་གསར་སློབ་འགུགས་པའི་དུང་བརྡ།

下一篇:ཞུ་འཕྲིན་ཕོ་ཉ་གཞོན་ནུ་དོན་གྲུབ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783916 位访客