དེབ་ཐེར་དམར་པོའི་རྩོམ་པ་པོའི་ལོ་རྒྱུས་ངོ་སྤྲོད།

发布时间:2017-06-15 03:35:39

 《དེབ་ཐེར་དམར་པོ》འདིའི་རྩོམ་པ་པོ་ནི་ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེ(སི་ཏུ་དགེ་བའི་བློ་གྲོས)ཡིན།(རབ་བྱུང་ལྔ་བའི་ས་བྱ་སྤྱི་ལོ13.9—རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ1364བར)འདིའི་ཡབ་ནི་དྲུང་ཆེན་སྨོན་ལམ་རྡོ་རྗེ་ཡིན་ཞིང་།ཁོང་ནི་རང་ལོ་ཉི་ཤུ་བ་ཆུ་ཡོས་ནས་སུམ་ཅུ་སོ་གསུམ་རིང་ཁྲི་དཔོན་བྱས།རང་ལོ་ཞེ་ལྔ་བ།རང་བྱུང་ལྔ་བའི་ས་འབྲུག་སྤྱི་ལོ1328ལོར་ཇོ་གདན་མཁན་ཆེན་བསོད་ནམས་དཔལ་བ་དང་།ཡང་དགོན་མཁན་པོ་བྱང་ཆུབ་དཔལ་བ་གཉིས་ཀྱི་དྲུང་ནས་བསྙེན་རྫོགས་བྱས་ཤིང་།རྩོམ་ཡིག་ཀྱང་མང་པོ་ཡོད་པ་ཞིག་ཡིན་པ་རེད།ལྷ་ས་གཙུག་ལག་ཁང་ལ་བདག་གཉེར་ཧ་ཅང་ལེགས་པོ་བྱས་ཡོད་པ་རེད།ཚལ་པ་ཀུན་དགའ་རྡོ་རྗེ་ནི་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྲས་ཆེ་བ་ཡོད་པ་རེད།ཚལ་པ་ཀུན་དགའ་རྡོ་རྗེ་ནི་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྲས་ཆེ་བ་ཡིན་ཞིང་།ལོ་ལྔ་ནས་ཡི་གེ་འབྲི་ཀློག་ལེགས་པར་ཤེས།ཚལ་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་མདོ་སྔགས་རིག་གནས་གང་ལ་མཁས་པའི་སྙན་གྲགས་ཅན་དུ་གྱུར།རང་ལོ་བཅོ་ལྔ་པ་རབ་བྱུང་ལྔ་པའི་ཆུ་ཕག།སྤྱི་ལོ་1323ལོར་ཁྲི་དཔོན་དུ་བསྐོས།རང་ལོ་བཅུ་བདུན་པ་ཤིང་གླང་སྤྱི་ལོ1324ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཡེ་སུན་ཐེའི་མུར་གྱི་དྲུང་དུ་བྱོན།དངུལ་བྲེ་ཆེན་དང་།དངུལ་གྱི་ཐམ་ཀ།གསེར་གྱི་རྒྱན།གོས་དར་སོགས་མང་པོ་དང་།ཚལ་པའི་མི་སྡེ་དབང་རིགས་ཐམས་ཅད་ཤེས་སུ་བཅུག་པའི་འཇའ་ས་བཅས་བྱུང་།འདིས་ལོ་ཉི་ཤུ་རྩ་བརྒྱད་རིང་ཁྲི་དཔོན་གྱི་གོ་གནས་བཟུང་ཞིང་།དེའི་རིང་ཚལ་གུང་ཐང་གི་གཙུག་ལག་ཁང་དང་།ལྷ་ས་གཙུག་ལག་ཁང་།པོ་ཏྰ་ལ་བཅས་ལ་བདག་གཅེས་དང་ཉམས་གསོ་ལེགས་པར་མཛད།བུ་སྟོན་རིག་པོ་ཆེ་གདན་དྲང་ཏེ།སྣར་ཐང་གི་བཀའ་འགྱུར་སོགས་སྐབས་དེར་བོད་དུ་ཡོད་པའི་བཀའ་འགྱུར་མང་པོར་ཞིབ་བསྡུར་ཞུས་དག་མཛད་དེ།གསེར་དངུལ་འདྲེས་མའི་བཀའ་འགྱུར་པོད་ཉིས་བརྒྱ་དྲུག་ཅུ་བཞེངས་པ་དེར་ཚལ་པ་བཀའ་འགྱུར་ཞེས་བོད་ཀྱི་མཁས་པ་མང་པོས་ཚད་ལྡན་གྱི་མ་དཔེར་རྩི་བ་དེ་བྱུང་།འོན་ཀྱང་རྗེས་སུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་མ་མཐུན་པའི་རྐྱེན་གྱིས།རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་སྤྱི་ལོ1352ལོར་སྲིད་དབང་ཤོར་ཏེ་རང་ཉིད་ཀྱི་ལས་རྒྱུན་འཛིན་མཁན་གཅུང་པོ་གྲགས་པ་ཤེས་རབ་ལ་གཏད་ནས་མཁན་ཆེན་དོན་ཞགས་པ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་རབ་བྱུང་དང་བསྙེན་རྫོགས་མཛད།མཚན་དགེ་བའི་བློ་གྲོས་སུ་གསོལ།ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་མེས་རྒྱལ་ནང་ཁུལ་ནས་བོད་དུ་ཕྱིར་ཕེབས་གནང་རྗེས་ཚལ་གུང་ཐང་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས།བོད་ས་གནས་སུ་སི་ཏུ་ཐམས་ཅད་མཁྱེན་པ་ཞེས་བསྟོད་བསྔགས་ཆེན་པོ་བྱེད་པ་ཞིག་བྱུང་།

འདིས་མཛད་པའི་རྩོམ་ཡིག་ལ།ཚལ་པ་བཀའ་འགྱུར་གྱི་དཀར་ཆག《དེབ་ཐེར་དཀར་པོ》《དེབ་ཐེར་དམར་པོ》《དེའི་ལྷན་ཐབས་དེབ་ཐེར་མཁས་པའི་ཡིད་འཕྲོག》རྒྱལ་རབས་ལོ་རྒྱས《དེབ་ཐེར་ཁྲ་བོ》《གུང་ཐང་བླ་མ་ཞང་གི་རྣམ་ཐར》རང་ཉིད་ཀྱི《ཡང་སྨོན་ལམ་རྡོ་རྗེའི་རྣམ་ཐར》བཅས་ཡོད།

གོང་གསལ《དེབ་ཐེར་དམར་པོ》འདི་ནི་རབ་བྱུང་དྲུག་པའི་མེ་ཁྱི་སྤྱི་ལོ1346ལོར་བརྩམས་པའི་འགོ་ཚུགས།ཀརྨ་པ་སྐུ་ཕྲེང་བཞི་པ་བཞི་བ་རོལ་པའི་རྡོ་རྗེ་མེས་རྒྱལ་ནང་ཁུལ་ནས་བོད་དུ་ཕྱིར་ཕེབས་མཛད་པའི་ལོ།རབ་བྱུང་དྲུག་པའི་ཆུ་ཡོས།སྤྱི་ལོ1363ལོར་བརྩམས་གྲུབ་པ་ཡིན།དེབ་ཐེར་འདི་ཡི་ཁ་བྱང་དུ།དེབ་ཐེར་དམར་པོ་རྣམས་ཀྱི་དང་པོ་བཞུགས་སོ།ཞེས་འཁོད་པ་མ་ཟད།འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི《ཚལ་གུང་ཐང་གི་དཀར་ཆག》ཏུ་ཡང《དེབ་ཐེར་དམར་པོ》འདི་ལ་ལྷན་ཐབས་སུ《དེབ་ཐེར་མཁས་པའི་ཡིད་འཕྲོག》ཟེར་བ་ཞིག་ཡོད་ཅེས་འཁོད་པ་ལྟར།དེ་སྔོན་རིག་གནས་གསར་བརྗེ་ཆེན་པོའི་གོང་།བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཕྱག་དཔེའི་གྲས་སུ།《དེབ་ཐེར་དམར་པོའི་ཁ་སྐོང་མཁས་པའི་ཡིད་འཕྲོག》ཅེས་འཁོད་པའི་དཔེ་རིང་བྲིས་མ་ཞིག་ཁོ་བོས་མཐོང་མྱོང་བ་དེའི་ནང་དོན་ནི།ཐོག་མར་བོད་ཀྱི་རྒྱལ་རབས་བཀོད་པ་ཕལ་ཆེ་བ་ནི་གནད་བསྡུས་ཙམ་དང་།ནང་དོན་གཙོ་བོ་ནི།གུང་ཐང་བླ་མ་ཞང་ནས་བཟུང་ཚལ་གུང་ཐང་གི་བླ་རབས་དང་།དཔོན་དར་མ་གཞོན་ནུ་ནས་བཟུང་རང་ཉིད་ཀྱི་ཡབ་སྨོན་ལམ་རྡོ་རྗེའི་བར་གྱི་ལོ་རྒྱུས་འཁོད་འདུག་པ།འདིའི་གྲས་ད་དུང་ཡོད་མེད་འཚོལ་ཞིབ་བྱེད་དགོས་པ་བཅས་ལོ་རྒྱུས་མདོར་བསྡུས་ཙམ་ཡིན།

གོང་གསལ་རྩོམ་པ་པོའི་ལོ་རྒྱུས་རྣམས《བུ་སྟོན་རིན་པོ་ཆེའི་རྣམ་ཐར》ཁོང་གི་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་དང་།འཇོག་རི་ངག་དབང་བསྟན་འཛིན་གྱིས་མཛད་པའི《ཚལ་གུང་ཐང་གི་དཀར་ཆག་འགྲོ་མགོན་ཞལ་ལུང》གྲངས35—37བར་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི《ཀརྨ་བཀའ་བརྒྱུད་ཀྱི་ཆོས་འབྱུང》དང《དེབ་དམར》འདིའི་ནང་གསལ་བའི་ཀརྨ་པ་རོལ་པའི་རྡོ་རྗེའི་ལོ་རྒྱུས་བཅས་ཕན་ཚུན་བསྡུར་ནས་བྲིས་པ་ཡིན་པས།ཞིབ་ཆ་གོང་གསལ་གྱི་ལོ་རྒྱུས་ཡིག་ཆ་དེ་ཚོར་གཟིགས་པར་ཞུ་རྒྱུ།





ཚྭ་འདམ་བོད་ཡིག་དྲ་བ།  http://www.zw.haixi.gov.cn/info/1018/2866.htm




上一篇:སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ།

下一篇:མི་ཆོས་གཙང་མ་བཅུ་དྲུག

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1869024 位访客