ལོ་ཁམས་བརྩི་ཚུལ།

发布时间:2017-06-15 03:57:33

སྤྱི་ལོ་དང་རབ་བྱུང་ལོ་ཁམས་རྩི་ཚུལ་ངོ་སྤྲོད་ཉུང་བསྡུས།

  སྤྱིར་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ལོ་རྒྱུས་ཀྱི་བརྒྱུད་རིམ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་གི་ཡོད་པ་དེ་བཞིན་གང་སྐབས་བབ་ཀྱི་དུས་ཐོག་དེ་ནས་འདས་སོང་གི་ལོ་རྒྱུས་ལ་ཕྱི་མིག་བལྟ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བྱ་གཞག་ལས་ལམ་དང་འཚམ་པ་ཞིག་ཡིན་པས། དེར་འོལ་ཚོད་ཀྱིས་གཏད་སོ་དང་ཁ་ཕྱོགས་ཅི་ཡང་མེད་པར་འདས་སོང་གི་གླེང་བྱ་ལ་འཁྱོག་བཤད་བྱེད་པ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཡིན། དེའི་ཕྱིར་ལོ་རྒྱུས་ཀྱི་གཏན་ཚིགས་ངེས་ཤེས་དང་ཐག་ཆོད་བྱེད་སླད་སྔ་ཕྱིའི་དུས་སྐབས་ཀྱི་ལོ་ཚིགས་སོགས་ལ་མི་རྨོངས་པ་བྱེད་རྒྱུ་ནི་རྩ་བའི་རྩ་གནད་གལ་ཆེན་ཞིག་ཡིན། དགོས་པ་འདི་གཙོ་གནད་དུ་བཟུང་ནས་རང་རེའི་རྩིས་གཞུང་རྒྱ་མཚོ་ལྟ་བུ་ལས་སྤྱི་ལོ་དང་རབ་བྱུང་ལོ་ཁམས་སོགས་རྩི་ཚུལ་མཁས་པའི་གསུངས་རྒྱུན་དྲི་མ་མེད་པའི་ལུགས་ལྟར་ངོ་སྤྲོད་མདོར་བསྡུས་ཙམ་བརྗོད་ན།

  སྤྱི་ལོ་རྩི་ཚུལ།

  ཕྱི་ལོའམ་སྤྱི་ལོ་ཞེས་པ་འཛམ་གླིང་སྤྱི་མཐུན་ཐུན་མོང་དུ་གྲགས་པའི་ལོ་རྩི་ཚུལ་ཞིག་སྟེ། དེ་ནི་ཁ་ཆེའི་ཆོས་ལུགས་དང༌། སངས་རྒྱས་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་ཡོད་པ་ལས། ཡེ་ཤུའི་ཆོས་ལུགས་ཀྱི་མངའ་བདག་སྟོན་པ་ཡེ་ཤུ་མ་ཤི་ཀ་འཁྲུངས་ལོ་སྟེ། སྤྱི་ལོའི་སྔོན་གྱི་ལོ་གྲངས་བདུན་ཅུ་དོན་བདུན་ལ་རིགས་ལྡན་གསུམ་པ་བཟང་པོ་ཁྲིར་བྱོན། འདིའི་ཁྲི་ལོ་བདུན་ཅུ་དོན་བརྒྱད་པར་སྤྱི་ལོ་ཞེས་པ་འགོ་ཚུགས་པ་ཡིན།

  ལོ་རབས་དང་དུས་རབས་རྩི་ཚུལ།

  ལོ་རབས་དང་དུས་རབས་ཀྱི་འགོ་ཡང་སྤྱི་ལོ་ཚུགས་པའི་ལོ་དེ་ནས་རྩི་བ་དང༌། དེ་ལ་བགྲང་བྱ་བཅུ་ཕྲག་གཅིག་ལ་ལོ་རབས་གཅིག་ཏུ་བརྗོད་པ་དང༌། བགྲང་བྱ་བརྒྱ་ལ་དུས་རབས་གཅིག་ཏུ་རྩི་བ་ཡིན། དཔེར་ན། སྤྱི་ལོ་འགོ་ཚུགས་པ་ནས་ད་ལྟ་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་ཡན་ལ་ལོ་གྲངས་ཉིས་སྟོང་བཅུ་འདས་པ་དང༌། དུས་རབས་ཉེར་གཅིག་པའི་བགྲང་བྱ་བཅུ་པ་ཡིན།

  རབ་བྱུང་རྩི་ཚུལ།

  རབ་བྱུང་དང་པོ་ནི་མེ་ཡོས་སྤྱི་ལོ1027ལོར་འགོ་ཚུགས་པ་དང༌། ལོ་འདིར་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་རྩ་རྒྱུད་རྒྱ་གར་ནས་བོད་དུ་གདན་དྲངས་ཤིང་བསྒྱུར་བ་དང༌། རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲི་ལོར་བྱོན་པ་ཡིན། རབ་བྱུང་གཅིག་ལོ་རྒན་དྲུག་ཅུ་ཡིན་ལ། དེ་ཡང་མེ། ས། ལྕགས། ཆུ། ཤིང་བཅས་ཁམས་ལྔ་ལོ་རྟགས་བཅུ་གཉིས་ལ་རེ་རེ་བཞིན་ཕོ་མོ་རེ་སྦྱར་དགོས་པ། དཔེར་ན། མེ་མོ་ཡོས། ས་ཕོ་འབྲུག ས་མོ་སྦྲུལ། ལྕགས་ཕོ་རྟ། ལྕགས་མོ་ལུག ཆུ་ཕོ་སྤྲེལ། ཆུ་མོ་བྱ། ཤིང་ཕོ་ཁྱི། ཤིང་མོ་ཕག མེ་ཕོ་བྱི། མེ་མོ་གླང༌། ས་ཕོ་སྟག་ཅེས་ལོ་རྟགས་བསྐོར་ཐེངས་ལྔ་དང་ཁམས་སྐོར་ཐེངས་བཅུ་གཉིས་འཁོར་དགོས།

  སྤྱི་ལོ་ནས་རབ་བྱུང་རྩི་ཚུལ།

  བསྟན་རྩིས་ཀུན་བཏུས་ནོར་བུ་ལས། སྤྱི་ལོའི་སྟེང་ནས་དུས་མིག་ཕྱོགས། འཕྲི་སྟེ་ལྷག་མ་མཁའ་རོས་བགོ ལྷག་མར་ལུས་ཚེ་ཐོབ་ནོར་སྟེང༌། གཟུགས་བསྣན་རབ་བྱུང་བགྲང་བྱ་བཅས། གསལ་བར་འཆར་ཞེས་གསུངས་པ་ལྟར་སྤྱི་ལོ་ནས་རབ་བྱུང་རྩི་ན་སྐབས་ཐོག་གི་སྤྱི་ལོའི་སྟེང་ནས་གཅིག་ཀླད་གོར་གཉིས་དྲུག་འཕྲི་སྦྱངས་བྱས་ཤིང༌། ལྷག་མའི་གྲངས་ཀ་དེ་དྲུག་ཅུ་ཐམ་པས་བགོ་དགོས་པ་དང་། ལྷག་གྲངས་ཡོད་ཚེ། ཐོབ་ཆའི་སྟེང་གཅིག་བསྣན་པ་དེ་རབ་བྱུང་ཡིན་པ་དང༌། ལྷག་གྲངས་ག་ཚོད་ཡོད་པ་དེས་བགྲང་བྱ་མཚོན་པ་ཡིན། དཔེར་ན། ད་ལྟའི་སྤྱི་ལོ2010ནས་རབ་བྱུང་མ་ཚུགས་གོང་གི་ལོ་གྲངས1026འཕྲི་བའི་ལྷག་གྲངས984ལ་རབ་བྱུང་གཅིག་སྟེ་ལོ་རྒན60བགོས་པའི་ཐོབ་ནོར16དང་ལྷག་གྲངས24ཡིན་པས། ཐོབ་ནོར16སྟེང1བསྣན་པས་རབ་བྱུང17པའི་བགྲང་བྱ་ཉེར་བཞི་པ་ཡིན། འདིར་དྲུག་ཅུས་བགོས་ཐོབ་ལ་ལྷག་གྲངས་ཡོད་ཚེ་ཐོབ་ཆའི་སྟེང་གཅིག་སྣོན་པ་ནི། དཔེར་ན་ད་ལྟའི་ལོ་སྟེ་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་མཚོན་ན་རབ་བྱུང་བཅུ་དྲུག་པ་ཡོངས་སུ་རྫོགས་ནས་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བཞིར་སླེབས་པ་དང༌། རབ་བྱུང་བཅུ་བདུན་པ་ཧྲིལ་པོའི་མཇུག་མེ་སྟག་གི་བར་ད་དུང་ལོ་གྲངས་སུམ་ཅུ་སོ་དྲུག་འགོར་དགོས་ནའང༌། རབ་བྱུང་བཅུ་བདུན་པ་ཟུག་ཡོད་པས་ཐོབ་གྲངས16སྟེང་ལྷག་གྲངས་ཡོད་སྟབས་ཀྱིས1བསྣན་པས་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་བཞི་པ་ཞེས་བརྗོད་འབྲི་བྱེད་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ།།

  རབ་བྱུང་ནས་སྤྱི་ལོ་རྩི་ཚུལ།

  བསྟན་རྩིས་ཀུན་འདུས་ནོར་བུ་ལས། རབ་བྱུང་ནི། སྟེང་ནས་གཟུགས་འཕྲི་མཁའ་རོས་བསྒྱུར། བགྲང་བྱ་བསྣན་ལ་སླར་ཡང་དེར། དུས་མིག་ཕྱོགས་བསྣན་སྤྱི་ལོ་འཆར་ཞེས་གསུངས་པ་ལྟར་སྐབས་ཐོག་རབ་བྱུང་གི་གྲངས་ཀ་ལས་གཅིག་འཕྲི་སྦྱངས་བྱས་པ་དང༌། འཕྲི་ལྷག་དེར་དྲུག་ཅུས་བསྒྱུར། དེའི་ཁར་སྐབས་ཐོག་བགྲང་བྱ་དང་ལོ་གྲངས་གཅིག་ཀླད་གོར་གཉིས་དྲུག་བསྣན་ན་སྤྱི་ལོ་འཆར་ཡོད། དཔེར་ན། ད་ལྟའི་རབ་བྱུང17ནས1འཕྲི་སྦྱངས་བྱས་པས16ལ་རབ་བྱུང་གཅིག་སྟེ་ལོ་རྒན60བསྒྱུར། དེའི་སྟེང་སྐབས་ཐོག་བགྲང་བྱ24དང་རབ་བྱུང་མ་ཚུགས་གོང་གི་ལོ་གྲངས1026བསྣན་ན་སྐབས་ཐོག་གི་སྤྱི་ལོ2010འཆར་བ་ཡིན།

  ཞར་བྱུང་ལོ་རྟགས་དང་འབྱུང་བ་རྩི་ཚུལ།

  སཾ་བོད་སྐད་གཉིས་ཤན་སྦྱར་ལས། གཅིག་ཐིག་ལྕགས་ལ་གཉིས་གསུམ་ཆུ། བཞི་ལྔ་ཤིང་ལ་དྲུག་བདུན་མེ། བརྒྱད་དགུ་ས་ཡི་ཁམས་སུ་ངེས། ཆ་རྣམས་ཕོ་དང་ཡ་རྣམས་མོ། ཞེས་གསུང་པ་ལྟར་སྤྱི་ལོ་གང་ཡིན་གྱི་མཇུག་གི་གྲངས་གཅིག་དང་ཀླད་གོར་གང་ཡིན་ན་འབྱུང་ཁམས་ལྕགས་དང༌། གཉིས་དང་གསུམ་གང་ཡིན་འབྱུང་ཁམས་ཆུ། བཞི་དང་ལྔ་གང་ཡིན་འབྱུང་ཁམས་ཤིང༌། དྲུག་དང་བདུན་གང་ཡིན་འབྱུང་ཁམས་མེ། བརྒྱད་དང་དགུ་གང་ཡིན་འབྱུང་ཁམས་ས་ཡིན་པ་དང༌། གྲངས་དེ་དག་ལས་ཆ་རྣམས་དབང་ཐང་ཕོ་དང༌། ཡ་རྣམས་དབང་ཐང་མོ་ཡིན་པའི་ཚུལ་གྱིས་རྩིས་ཏེ་ལོ་རྟགས་དང་འབྱུང་བ་རྩི་དགོས།

  དེ་ཡང་ལོ་རྟགས་རྩི་ན་མི་དེ་སྐྱེས་དུས་ཀྱི་སྤྱི་ལོ་དེ་དྲུག་ཅུས་བགོས་པ་དང༌། དེས་བགོ་མ་ཐུབ་པའི་ལྷག་གྲངས་དེ་བཅུ་གཉིས་ཀྱི་བགོས་པའི་ལྷག་གྲངས་གང་བྱུང་བ། ལོ་རྟགས་བྱ་ནས་མགོ་བཙུགས་ཏེ་རྩིས་ན་མི་དེའི་ལོ་རྟགས་ལ་འཁེལ་ཐུབ། གལ་སྲིད་ཐོབ་བྱ་ལྷག་གྲངས་མེད་ཚེ་བཅུ་གཉིས་ལྟར་རྩིས་ཆོག དཔེར་ན། སྤྱི་ལོ2001ལོར་སྐྱེས་པའི་མི་ཞིག་གི་ལོ་རྟགས་འབྱུང་ཁམས་རྩི་ན། སྤྱི་ལོ2001དེ་ལོ་གྲངས60བགོས་པ་དང༌། བགོ་མི་ཐུབ་པའི་ལྷག་གྲངས21དེ12ཀྱིས་བགོས་པའི་ལྷག་གྲངས9ཡིན་པས། དེ་བྱ་ལོ་ནས་མགོ་བཙུགས་ཏེ་རྩིས་ན་ལོ་རྟགས་སྦྲུལ་ལ་འཁེལ་ཡོད།སྤྱི་ལོ2001ལོའི་མཇུག་གྲངས་གཅིག་ཡིན་པས་འབྱུང་བ་ལྕགས་དང་ཡ་ཡིན་པས་དབང་ཐང་མོ་ཡིན། དེའི་ཕྱིར་ལོ་དེར་སྐྱེས་པའི་མི་ཞིག་ཡིན་ཕྱིན་ལྕགས་མོ་སྦྲུལ་ཞིག་ཡིན། གཞན་ལོ་རྟགས་དང་འབྱུང་ཁམས་ལག་སྟེང་ནས་འདེད་ཚུལ་སྟབས་བདེ་ཞིག་ཀྱང་ཡོད་པས་གཞན་དུ་ཤེས་པར་བྱ་རྒྱུ་དང༌། དེ་མིན་མ་བུ་དགྲ་གྲོགས་ཀྱི་རྩི་ཚུལ་སོགས་ནག་རྩིས་སྐབས་ཤེས་རྟོགས་བྱ་དགོས་པའི་གནད་ཅིག་ཡིན་པས་སྐབས་འདིར་བརྗོད་པར་མི་སྤྲོའོ།།





མཚོ་སྔོན་བོད་ཡིག་དྲ་བ།

http://tibetan.qh.gov.cn/system/2013/07/16/010062852.shtml

上一篇:བཙན་པོའི་བང་སོ།

下一篇:རྒྱལ་སྲིད་རིན་པོ་ཆེ་སྣ་བདུན།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1868971 位访客