བོད་ཀྱི་ལོ་རྒྱུས་སྟེང་མཛད་རྗེས་ཆེ་བའི་བློན་ཆེན་མགར་ཁྲི་འབྲིང་།

发布时间:2017-06-21 08:53:36

    རང་རེའི་བོད་ཀྱི་དེབ་ཐེར་སྔོན་མ་རྣམས་སུ་མགར་སྟོང་བཙན་ཡུལ་བཟུང་གི་སྐོར་མང་པོ་ཞིག་ཐོར་བཀོད་ཡོད་པ་ལས་མཛད་རྗེས་ཆེ་བའི་བློན་ཆེན་མགར་ཁྲི་འབྲིང་གི་སྐོར་ཕལ་ཆེར་མིང་ཙམ་ལས་བཀོད་མེད།སྟབས་ལེགས་པ་ཞིག་ལ་ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཀྱི་ཡིག་རིགས་དག་སོར་རྩེར་འབྱོར་བ་ནས། ལོ་རྒྱུས་ཞིབ་འཇུག་ལ་བློ་ཁ་ཕྱོགས་པའི་མཁས་པ་རྣམས་ལ་ཞིབ་འཇུག་གི་སྟོང་ཆ་ཆེན་པོ་ཞིག་སྐོང་ཐུབ་པར་གྱུར། དེ་དང་མཉམ་པོར་རྒྱ་ནག་གི་སྔོན་གྱི་ཡིག་ཚང་དག་ཏུ་འཁོད་པའི་བློན་ཁྲི་འབྲིང་གི་སྐོར་བཀོད་ཡོད་པ་དག་ཀྱང་ཏུན་ཧོང་ཡིག་ཚང་དང་བསྡུར་སྐབས་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་ཐུབ་པའི་ནུས་པ་ཧ་ཅང་ཆེན་པོ་ཐོན་འདུག་པས།འདིར་གནའ་བོའི་རྒྱ་བོད་ཀྱི་ཡིག་རྙིང་དག་གུང་བསྒྲིགས་ཏེ་བློན་ཆེན་མགར་ཁྲི་འབྲིང་གི་སྐོར་ཅུང་ཟད་གླེང་བར་འདོད།  

 

  དེ་ཡང་ཐོག་མར་བློན་ཁྲི་འབྲིང་གི་རུས་རྒྱུད་སྐོར་ལ་དཔྱད་པ་ཅུང་ཟད་བཏང་ན་བློན་ཁྲི་འབྲིང་གི་རུས་ནི་བོད་མིའུ་གདོང་དྲུག་གི་ཡ་གྱལ་རུས་རྒྱུད་ཆེན་པོ་ཞང་པོ་ལྷ་རིགས་སྒོ་ལས་མཆེད་པའི་འགར་ཀེ་འགོས་གསུམ་ལ་སོགས་རུས་ཚན་བཅོ་བརྒྱད་དུ་གྱེས་པའི་ནང་ནས་མགར་གྱི་རུས་ཚན་དུ་སྐུ་འཁྲུངས་པ་ཨེ་ཡིན་སྙམ་ལ།རུས་རྒྱུད་དེའི་ནང་ཚན་འགར་དང་བོད་ཀྱི་བློན་ཆེན་ཁྲི་འབྲིང་གི་རུས་མགར་ཞེས་པ་གཉིས་སྔོན་འཇུག་གི་ཡི་གེ་མི་འདྲ་བ་མ་གཏོགས་སྒྲ་གདངས་ཧ་ཅང་ཐག་ཉེ་བས་སོ།།འོན་ཀྱང་དཔྱད་པ་གཏོང་དགོས་པ་ཞིག་ལ་རྒྱའི་གནའ་བོའི་ཡིག་ཚང་དག་ཏུ་བློན་ཁྲི་འབྲིང་གི་རུས་ནི་“薛”ཡིན་ཞེས་བཀོད་ཡོད་པ་འདི་ལའང་བསམ་བློ་གཏོང་དགོས་པ་ཞིག་འདུག་སྙམ། འདིར་ཁོང་གི་འཁྲུངས་ཡུལ་གྱི་ཐད། མཁས་དབང་དུང་དཀར་ཚང་གིས་ཀྱང་སྟོད་ལུང་རམ་པ་ཞེས་པའི་ས་དེ་ཉིད་དུ་འདོད་པ་དུང་དཀར་ཚིག་མཛོད་དུ་གསལ་ལ། སྐུ་ཞབས་བསེ་རུ་ཟེར་བ་དེས་བྲིས་པའི་མགར་སྟོང་བཙན་གྱི་སྐོར་ཞེས་པ་དེ་ལས་ཀྱང་མགར་གྱི་འཁྲུངས་ཡུལ་ངོ་སྤྲོད་ཅིག་བྱས་ཡོད་པ་བློ་ངོར་ཅུང་བདེ་བས།འདིར་ཆ་ཚང་དྲངས་ན། “ལྷ་སའི་ཉེ་འདབས་སྟོད་ལུང་ལྡིང་ག་དགོན་པའི་ཉེ་འགྲམ་གྱི་མགར་ཚང་གོག་ཅེས་པའི་ཁྱིམ་ཚང་དུ་འཁྲུངས་པར་འདོད་པས་ཡུལ་དེའི་ནང་མགར་གྱི་ཕོ་བྲང་ཡིན་ཟེར་བའི་གྱང་རོ་མང་པོ་ཡོད་ཅིང༌།དགོན་པ་དེའི་རྡོ་གཅལ་དབུས་སུ་ཤུག་པ་ཞིག་ཡོད་པ་དེ་ཡང་མགར་གྱིས་བཙུགས་པ་རེད་ཅེས་དམངས་ཁྲོད་དུ་ཡོངས་ཁྱབ་ཀྱི་ཤོད་རྒྱུན་ཞིག་ཡོད།དེས་ན།ཁོ་བོ་ནི་སྟོད་ལུང་མགར་ཚང་གོག་ཏུ་འཁྲུངས་པར་འདོད་ཅིང༌།དེ་ནི་དམངས་ཁྲོད་ཡོངས་ཁྱབ་ཀྱི་བཤད་རྒྱུན་མ་ཉམས་པར་གནས་ཡོད་པ་དང༌།མགར་གྱི་ཕོ་བྲང་གི་ཤུལ་ཡིན་ཟེར་བའི་མཚན་དོན་ཙམ་ལ་བརྟེན་ནས་ཀྱང་ཁོང་གི་འཁྲུངས་ཡུལ་འཁྲུལ་མེད་ཡིན་པར་རམ་འདེགས་བྱེད་ནུས།”ཞེས་པ་ལྟར་གཟུང་བར་འདོད་དོ།།  

  ཏུན་ཧོང་ཡིག་རྙིང་དུ་གསལ་བ་ལྟར་ན་ཁོང་ནི་མགར་གྱི་རུས་རྒྱུད་ལས་རྒྱལ་ཕྲན་དང་བོད་བཙན་པོའི་བློན་པོ་བྱས་པ་དག་ལས་བློན་རབས་ལྔ་པ་ཡིན། དེ་དག་རིམ་པ་བཞིན་བཀོད་ན།ཐོག་མ་ནི་མགར་ཁྲི་སྒྲ་འཛྀ་རྨུན་དང་། དེ་འོག་མགར་མང་ཞམ་སུམ་སྣང་།དེ་འོག་མགར་སྟོང་བཙན་ཡུལ་ཟུང་། དེ་འོག་མགར་བཙན་སྙ་ལྡོམ་བུ།དེ་ནས་མགར་ཁྲི་འབྲིང་བཙན་བྲོད་ཡིན། ཁོང་བློན་ཆེན་མགར་སྟོང་བཙན་ཡུལ་ཟུང་གི་བུ་རྒན་གཞོན་གང་ཡིན་ཐད་རྒྱའི་ཡིག་ཚང་ན་གསལ་བོར་འཁོད་ཡོད་པས་འདིར་དྲངས་ན། 

 《旧唐书·吐蕃传》云:“禄东赞有子五人,长曰赞悉诺,早死;次钦陵;次赞婆;次悉多于;次勃论。及东赞死,钦陵兄弟复专其国。” 

   ཞེས་འཁོད་ཡོད་ལ།དེ་དག་གི་དོན་བོད་ཡིག་ཏུ་བསྒྱུར་ན།“ མགར་སྟོང་བཙན་ལ་བུ་ལྔ་ཡོད་དེ།ཆེ་བ་བཙན་སྙ་ཡིན་ལ་སྔ་མོ་ནས་འདས། དེ་འོག་ཁྲི་འབྲིང་། དེ་འོག་བཙན་བྲོད།དེ་འོག་ཟི་མདོ་ཡེ། དེ་འོག་འབའ་ལོན་ཡིན། བློན་སྟོང་བཙན་འདས་རྗེས། ཁྲི་འབྲིང་སྤུན་མཆེད་ཚོས་སྲིད་ཀྱི་མཁོས་ཀ་གཉེར་བཞིན་ཡོད”ཅེས་པའོ།། འདི་ལ་བལྟས་ན་བློན་ཁྲི་འབྲིང་མགར་སྟོང་བཙན་གྱི་བུ་གཉིས་པ་ཡིན་པ་རྟོགས་ཐུབ།མགར་ཁྲི་འབྲིང་ཆུང་དུས་ནས་བཟུང་ཕ་དང་ཕུ་བོར་འགྲོགས་ཏེ་དམག་འཐབ་གང་མང་ལ་ཞུགས་པ་དང་།སྲིད་སྐྱོང་བ་དང་དམག་འཁྲུག་སྐོར་གྱི་མཉམ་མྱོང་མང་བོ་བསགས་ཡོད་པ་སྨོས་མ་དགོས་ལ།དངོས་སུ་བློན་ཆེན་གྱི་འགན་ཕྲག་པར་བཞེས་པའི་དུས་ནི་ཏུན་ཧོང་ཡིག་རྙིང་དུ་གསལ་བོར་འཁོད་ཡོད་པ་འདི་ལྟར།“བྱ་གགྀ་ལོ་ལ་བབ་སྟེ།བཙན་པོ:ཉེན་ཀར་ན་བཞུགས་ཤྀང། བློན་ཆེན་པོ:བཙན་སྙ:དང། མང་ཉེན་སྟག་ཙབ:གཉྀས། དམེའ:བྱུང། ཤངས:གྱྀ་སུམ་ཆུ་བོར། བློན་ཆེན་ཕོ:བཙན་སྙ:གུམ། བང་མོ:བང་ཀར་དུ:བློན་ཁྲྀ་འབྲྀང་བཙན་བྲོད་བློན། ཆེན་ཕོར་བཚུག། ” ཅེས་འཁོད་ཡོད།དེས་ན་བློན་ཁྲི་འབྲིང་གིས་བློན་ཆེན་གྱི་གོ་གནས་བཞེས་དུས་བྱའི་ལོ་སྟེ་སྤྱི་ལོ་(685)པ་ཡིན་ལ། སྤྱིར་དམག་དཔོན་སྔོན་ནས་བཟུང་བྱས་པར་མངོན་ཏེ།རྒྱའི་ཡིག་ཚང་དུ་འདི་ལྟར། 

          《通鉴纪事本末》卷第二十九云:“五年八月,吐蕃禄东赞遣其子钦陵将兵擊吐谷浑,以吐谷浑内附故也。”  

    དེ་དག་གི་དོན་བོད་ཡིག་ཏུ་བསྒྱུར་ན།“ སྲིད་ལོ་ལྔ་བའི་སྤྱི་ལོ་(660)ཟླ་བརྒྱད་པར།བོད་བློན་སྟོང་བཙན་གྱིས་རང་གི་བུ་མགར་ཁྲི་འབྲིང་མངགས་ཏེ་འ་ཞར་དམག་སྣ་དྲངས།རྒྱུ་རྐྱེན་ནི་འ་ཞས་ཐང་ལ་སྐྱབས་བཅོལ་བས་སོ།།” ཞེས་མགར་ཁྲི་འབྲིང་གིས་དམག་སྣ་དྲངས་ཡོད་པ་བཀོད་ཡོད་པས་ཁོང་དག་པར་འདོད།བློན་ཁྲི་འབྲིང་གིས་དམག་སྲིད་བཟུང་རྗེས་ཐང་དང་དམག་འཁྲུག་ཐེངས་བདུན་བརྒྱད་ཅིག་བརྒྱབ་ཡོད་ལ།ཕལ་ཆེ་བར་རྒྱལ་ཁ་ཐོབ་པར་མ་ཟད་དེའི་ནང་ནས་ཀྱང་མིང་དུ་གྲགས་པའི་དམག་འཁྲུག་ཆེན་པོ་གཉིས་བརྒྱབ་པར་རྒྱལ་ཁ་ཐོབ་པ་ནི།སྤྱི་ལོ་(670)ལོའི་ཙོང་ཁའི་གཡར་མོ་ཐང་(大非川)གི་དམག་འཁྲུག་དང་། སྤྱི་ལོ་ (695)ལོའི་སྟག་ལ་རྒྱ་དུར་ཐང་(素罗汉山)གི་དམག་འཁྲུག་གཉིས་ཡིན། རྒྱ་ཡིག་གི་(大非川)ཞེས་པའི་ས་ཆ་དེ་གང་དུ་ངོས་འཛིན་པའི་ཐད་དེང་གི་ལོ་རྒྱུས་སྨྲ་བ་དག་ལ་བཤད་ཚུལ་མི་མཐུན་པ་མང་མོད།མང་ཆེ་བས་མཚོ་སྔོན་པོའི་ནུབ་ཏུ་ཡོད་པར་བཤད་པ་དང་།ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཆབ་ཆ་རྫོང་གི་ལྷོ་ནུབ་རྒྱུད་དུ་ཡོད་པར་འདོད་མཁན་ཅུང་མང་།འདིར་བདག་གིས་ནི་ས་བྱེ་བྲག་པ་ཞིག་ཏུ་ངོས་མ་བཟུང་བར་ཙོང་ཁའི་གཡར་མོ་ཐང་ཞེས་མཚོ་སྔོན་པོའི་རྒྱུད་ལ་ངོས་བཟུང་ཡོད།དེ་བཞིན་དུ་སྟག་ལ་རྒྱ་དུར་ཐང་(素罗汉山)ཞེས་པའི་ས་ཆ་དེའང་མཚོ་སྔོན་གྱི་དུར་ལམ་རྫོང་དུ་ངོས་འཛིན་མཁན་མང་ཡང་མི་རིགས་རིག་པའི་མཁས་དབང་རིན་ནེ་ཆང་གིས་ཀན་ལྷོའི་ཀླུ་ཆུ་རྫོང་གི་ཀླུའི་ཆབ་བྲག་རྒྱུད་དུ་ངོས་བཟུང་ཡོད་པ་ཅུང་འཐད་པར་འདོད་ལ་ཏུན་ཧོང་ཡིག་རྙིང་དུའང་འགུ་ལོག་ས་ཆ་ཡིན་པ་འདྲ་ཞིག་བཤད་ཡོད་པས།ས་ཆ་འདི་ཕྱོགས་སྔོན་ཆད་མགོ་ལོག་ཏུ་གཏོགས་པ་དང་།ས་འདིའི་ཡུལ་མིའི་ངག་རྒྱུན་དུའང་སྔོན་ཆད་རྒྱ་བོད་གཉིས་གཡུལ་འཁྲུག་པའི་སྐབས་སུ་རྒྱ་མང་པོ་བསད་པའི་བཤད་ཚུལ་ཀྱང་ཡོད་པས་སོ།།གོང་གི་དམག་འཁྲུག་དེ་གཉིས་ཀྱི་སྐོར་རྒྱ་བོད་ཡིག་ཚང་གཉིས་ཀར་བཀོད་ཡོད་དེ།ཏུན་ཧོང་ཤོག་དྲིལ་ལས། “རྟའྀ་ལོ་ལའ། བཙན་པོ:འོ་དང་ན་བཞུགས་ཤྀང་། ཇྀ་མ་ཁོལ་དུ:རྒྱ་མང་པོ:བཏུངས་ཕར:ལོ:གཆིག།”ཅེས་དང་། ཡང་དེ་ཉིད་ལས། “བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཅྀས་ཤིང། སྟག་ལ:རྒྱ་དུར་དུ་རྒྱའྀ་དམག་པོན་འྭང་ཞྔ་ཤོ་དྔ་གཡུལ་སྤྲདེ་རྒྱ་མྔ་པོ་བཀུཾ་བར་ལོ་ཆིག།”ཅེས་གསལ་བོར་འཁོད་ཡོད།རྒྱའི་ལོ་རྒྱུས་ཡིག་ཚང་དུ་ཡང་བྲིས་ཡོད་དེ།  

  《旧唐书·吐蕃传》云:“咸亨元年四月,诏以右威卫大将军薛仁贵为逻娑道行军大总管,左卫员外大将军阿史那道真、右卫将军郭待封为副,率众十余万以讨之。军至大非川,为吐蕃大将论钦陵所败,仁贵等并坐除名。吐谷浑全国尽没,” 

   དེའི་གོ་དོན་བོད་ཡིག་ཏུ་བསྒྱུར་ན།“ཞན་ཧིན་གྱི་ཁྲི་ལོ་དང་པོའི་ཟླ་བཞི་བར།གཡས་ཀྱི་ཟིལ་ཤུགས་འཁོར་སྲུང་དམག་དཔོན་ཆེན་མོའི་ཐབས་ཡོད་པ་ཞོ་རིན་ཀོས་ལ་ར་ས་ཏའོ་རུ་འདྲེན་དམག་སྤྱི་ཆེན་མོ་དང་།གཡོན་རུའི་འཁོར་སྲུང་ཟུར་གཏོགས་དམག་དཔོན་ཆེན་མོའི་ཐབས་ཡོད་པ་ཨ་ཧྲི་ནཱ་ཏའོ་ཀྲིན་དང་།གཡས་རུའི་འཁོར་སྲུང་དམག་དཔོན་གྱི་ཐབས་ཡོད་པ་ཀུའོ་ཏའེ་ཧྥེང་གཉིས་ལ་དམག་དཔོན་གཞོན་པའི་ལུང་གནང་ནས།དམག་ཁྲི་ཚོ་བཅུ་ལྷག་གི་དཔུང་དྲངས་ཏེ་བྷོད་དམག་ལ་འཐབ་ཏུ་ཆས།དམག་དཔུང་ཏ་ཧྥེ་ཁྲོན་དུ་སླེབས་པ་ན། བྷོད་ཀྱི་དམག་དཔོན་བློན་ཁྲི་འབྲིང་གིས་ཕམ་པར་བྱས་པས།གོང་མས་ཞོ་རིན་ཀོས་སོགས་ཀྱི་གོ་ས་དང་མཚན་གནས་མེད་པར་བཟོས། དེ་ནས་འ་ཞའི་ས་ཆ་བྷོད་ཀྱིས་བཟུང་།”ཞེས་དང་ཡང་དེ་ཉིད་ལས། 

  《旧唐书·吐蕃传》云:“万岁登封元年,孝杰复为肃边道大总管,率副总管娄师德与吐蕃将论钦陵、赞婆战于素罗汗山,官军战败,孝杰坐免官。”  

  དེའི་གོ་དོན་བོད་ཡིག་ཏུ་བསྒྱུར་ན།“ཝན་སེ་ཏིན་ཧྥིན་གྱི་ཁྲི་ལོ་དང་པོར།གོང་མས་ཝང་ཞའོ་ཅེ་བྱ་བ་སུའུ་པཱེན་ཏའོ་ཡི་སྤྱི་ཁྱབ་དམག་དཔོན་དུ་མངགས་པ་དང་།སྤྱི་ཁྱབ་དམག་དཔོན་གཞོན་པ་ལིག་ཧྲི་ཏེ་བྱ་བ་དང་བསྡོངས་ནས་རི་བོ་སུའུ་ལོ་ཧན་དུ་བྷོད་ཀྱི་དམག་དཔོན་བློན་ཁྲི་འབྲིང་དང་བཙན་བྲོད་ལ་འཐབ་ཏེ་རྒྱ་དམག་ཕམ།ཝང་ཞའོ་ཅེ་ཡི་གོ་གནས་ཀྱང་ཕབ།”ཞེས་འཁོད་ཡོད།བློན་ཁྲི་འབྲིང་དང་ཝང་ཞའོ་ཅེ་གཉིས་ཀྱིས་ཤགས་འགྱེད་བྱས་པའི་སྐོར་ཞིག་ཏུན་ཧོང་ཡིག་རྙིང་དུ་འཁོད་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད།བལྟ་འདོད་ཡོད་པ་ཚོས་དཔེ་ཆ་དེར་གཟིགས་རོགས། ཐེངས་དུ་མར་དམག་འཁྲུག་བརྒྱབ་པའི་དམིགས་ཡུལ་ནི།འ་ཞ་དང་གྲུ་གུ་ཚོ་ཤོག་བཅུ། ཨན་ཞི་སྡེ་བཞི་སོགས་མངའ་ཁོངས་རྩོད་ལེན་བྱས་པ་ཡིན་ལ། མངའ་རིས་ནུབ་ལྗོངས་སུ་རྒྱ་བསྐྱེད་པ་ཞིག་ཀྱང་ཡིན།འདིའི་ཐད་བློན་ཆེན་མགར་ཁྲི་འབྲིང་གིས་གསུབ་ཐབས་བྲལ་བའི་བྱས་རྗེས་རླབས་པོ་ཆེ་ཞིག་བཞག་ཡོད།འོན་ཀྱང་རང་རེའི་བོད་ཀྱི་དེབ་ཐེར་སྔོན་མ་དག་ཏུ་མིང་ཙམ་ལས་མ་འཁོད་པ་ནི་ཁོང་དང་བཙན་པོའི་གདུང་རྒྱུད་བར་འགལ་བ་བྱུང་སྟེ་མཐར་བཀྱོན་ཕབ་པ་ལ་བརྟེན་མཛད་རྗེས་དག་ཡིག་ངོར་མ་འཁོད་པར་སེམས།དེ་མིན་བྱས་པའི་ལག་རྗེས་ཀྱི་ཆ་ནས་བལྟས་ན་ཁྲི་སྲོང་གི་དུས་ཀྱི་བློན་ཆེན་ངན་ལམ་སྟག་སྒྲ་ཀླུ་གོང་ལས་ཀྱང་མཛད་རྗེས་བླ་ན་མཐོ་བ་ཞིག་རེད་ཅེས་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲའོ།། 

   ཇི་ལྟར་གྲོངས་པའི་སྐོར་ལ་རྒྱ་བོད་ཡིག་ཚང་དག་ཏུ་གསལ་བ་ལྟར།བཙན་པོའི་གདུང་རྒྱུད་བར་འགལ་བ་བྱུང་ནས་མཐར་ཁྲི་འདུས་སྲུང་གིས་རི་དྭགས་སྔོན་པར་ཁ་གཡར་ཏེ་མགར་ཁྲི་འབྲིང་ཕྱི་རུ་གཤེགས་པའི་སྐབས་དང་བསྟུན་ནས།དམག་དྲངས་ཏེ་ཐོག་མར་བློས་ཐུབ་དམར་གསོད་བཏང་བ་དང་།སྟོབས་ཤུགས་ཁ་གཏོར་རྗེས་བཙན་པོའི་དཔུང་ལ་རྒོལ་བའི་ནུས་པ་མེད་པས་མཐར་རང་སྲོག་གཅད་དགོས་པ་བྱུང་།དེའི་སྐོར་རྒྱའི་ཡིག་ཚང་དུ་གསལ་ཏེ་འདི་ལྟར། 

   《通鉴纪事本末》卷第二十九云:“聖历二年。初,吐蕃赞普器弩悉弄尚幼,论钦陵兄弟用事,皆有勇略,诸胡畏之。钦陵居中秉政,诸弟握兵分據方面,赞婆长居东边,为中国患者三十餘年,器弩悉弄浸長,陰舆大臣论岩谋诛之。会钦陵出外,赞普诈云出畋,集兵執钦陵亲党二千餘人,杀之,遣使召钦陵兄弟,钦陵等举兵不受命,赞普将兵讨之,钦陵兵溃自杀。下四月,赞婆帥所部千餘人来降,太后命右武衞胄曹参军郭元振与河源军大使夫蒙令卿将骑迎之,以赞婆为特进、归德王。钦陵子弓仁以所统吐谷浑七千帐来降,左玉铃衞将军、酒泉郡公。 

  冬十月丁亥,论赞婆至都,太后宠待赏赐甚厚,拜左玉玲衞将军,使将其众守洪源谷。 

   ཞེས་འཁོད་ཡོད་ལ།དེའི་གོ་དོན་བོད་ཡིག་ཏུ་བསྒྱུར་ན།“ཧྲེང་ལི་སྲིད་ལོ་གཉིས་པར།(699)དེང་ཐོག་བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་ལོ་ན་ཆུང་བས།མགར་ཁྲི་འབྲིང་སྤུན་མཆེད་ཀྱིས་སྲིད་ཀྱི་བྱ་བ་གཉེར་ཀྱིན་ཡོད་ལ། ཁོ་ཚོ་ཚང་མ་དཔའ་རྩལ་ལྡན་ཞིང་སྤྱང་གྲུང་འཛོམས་པས་མཐའ་འཁོར་གྱི་མི་ཚང་མ་ཧ་ཅང་སྐྲགམགར་ཁྲི་འབྲིང་གི་རྒྱལ་ཁབ་ཏུ་སྲིད་ཀྱི་འཁོས་ཀ་གཉེར་ལ། སྤུན་གཞན་པ་ཚོས་དམག་དབང་བཟུང་སྟེ་ཁག་བགོས་ནས་མངའ་ཁོངས་བཅད་བཟུང་བྱས་ཡོད།བཙན་བྲོད་ཀྱིས་རྒྱུན་དུ་ཤར་ཕྱོགས་ཀྱི་མཐའ་མཚམས་བསྲུང་བས། ལོ་ངོ་སུམ་ཅུ་ལྷག་ལ་རྒྱ་ནག་གི་གནོད་རྐྱེན་དུ་གྱུར།ཁྲི་འདུས་སྲོང་རིམ་གྱིས་ནར་སོན་དེ། བློན་ཆེན་ལུན་ཡན་དང་མཉམ་དུ་མགར་གྱི་བུ་རྒྱུད་དག་དམར་གསོད་གཏོང་ཐབས་ལ་མོལ།མགར་ཁྲི་འབྲིང་ཕྱི་རུ་གཤེགས་པ་དང་སྐབས་ཁེལ་པས། བཙན་པོས་རི་དྭགས་རྔོན་པ་སྐད་བྱས་ཏེ།དམག་བཤམས་ནས་མགར་ཁྲི་འབྲིང་གི་བློས་ཐུབ་ཕྱོགས་གཏོགས་ཀྱི་མི་ཉིས་སྟོང་ལྷག་བཟུང་ནས་དམར་གསོད་བཏང་།ཕོ་ཉ་མངགས་ཏེ་མགར་ཁྲི་འབྲིང་སྤུན་མཆེད་རྣམས་ཕྱིར་འགུགས་པའི་བཀའ་བབས་ཀྱང་། མགར་ཁྲི་འབྲིང་སོགས་ཀྱིས་བཀའ་མ་བརྩིས་པར་དམག་དྲངས།བཙན་པོས་ཀྱང་དམག་དྲངས་ནས་ཁོ་ཚོར་རྒོལ་བས། ཁྲི་འབྲིང་གི་དམག་འཐོར་ཏེ་ཕམ་ནས་རང་སྲོག་བཅད།དབྱར་ཟླ་བཞི་བར། བཙན་བྲོད་ཀྱིས་རང་འོག་གི་དམག་སྟོང་ལྷག་ཁྲིད་དེ་ཐང་ལ་མགོ་བཏགས། རྒྱལ་མོས་གཡས་རུའི་དྲག་སྲུང་དམག་གི་ཀྲུའུ་ཚའོ་ཇུས་འདོན་དམག་དཔོན་གྱི་ཐབས་ཡོད་པ་ཀུའོ་ཡོན་ཀྲེན་དང་།ཧོ་ཡོན་དམག་སྡེའི་ཕོ་ཉ་ཆེན་མོ་ཡི་ཐབས་ཡོད་པ་ཧྥུ་མེང་ལིང་ཆིང་གཉིས་ལ་སྐྱ་དམག་གི་རུ་སྣ་དྲངས་ཏེ་ཁོ་ཚོར་བསུ་མ་བྱེད་དགོས་པའི་བཀའ་བབས།ད་དུང་བཙན་བྲོད་ལ་ཐེ་ཅིན་དང་། ཀུའེ་ཏེ་ཝང་གི་ལུང་གནང་བ་དང་། མགར་ཁྲི་འབྲིང་གི་བུ་མང་བོ་རྗེས་རང་འོག་གི་འ་ཞའི་དུད་ཁྱིམ་སྟོང་བདུན་ཁྲིད་དེ་ཐང་ལ་མགོ་བཏགས་པར།གཡོན་རུའི་ཡུས་ལེན་འཁོར་སྲུང་དམག་དཔོན་ཆེན་མོ་དང་། ཅིའུ་ཆོན་ཅུན་ཀུང་གི་ཆོ་ལོ་གནང་། 

   དགུན་ཟླ་བཅུ་བའི་ཚེས་དྲུག་ཉིན།བློན་བཙན་བྲོད་རྒྱལ་ས་ཀེང་ཤུར་འབྱོར། རྒྱལ་མོས་སྣེ་ལེན་གཟབ་རྒྱས་དང་ལེགས་སྐྱེས་སྦམ་མཐོ་བ་བསྩལ་ནས།གཡས་རུའི་འཁོར་སྲུང་དམག་དཔོན་ཆེན་མོའི་ལུང་གནང་སྟེ། ཁོར་རང་འོག་གི་དཔུང་དྲངས་ནས་ཧུང་ཡོན་ཀུའུ་ཞེས་པའི་ས་དེ་བསྲུང་དུ་བཅུག”ཞེས་བཀོད་ཡོད། 

  ཏུན་ཧོང་ཡིག་རྙིང་དུ་ལོ་འདིར་མགར་ལ་བཀྱོན་ཕབ།ཅེས་མདོར་བསྡུས་ཙམ་ལས་འཁོད་མེད་མོད།དོན་ངོ་མར་དེ་ནི་སྲིད་ཀྱི་བྱ་བ་ཧ་ཅང་རྙོག་དྲ་ཆེ་བ་ཞིག་རེད་འདོད། དེ་ནི་ངས་བལྟས་ན་རྒྱའི་ཡིག་ཚང་དུ་འཁོད་པའི་ཚིག་དུམ་འདིར་དཔྱད་རྒྱུ་མང་པོ་ཡོད་པར་སྙམ་སྟེ་འདི་ལྟར། 

  《通鉴纪事本末》卷第二十九云:“元振又上言:‘吐蕃百姓疲於徭戍,早願和親。钦陵利於统兵专制,独不欲归款。若国家岁发和親使,而钦陵常不从命,则彼国之人怨钦陵日深,望国恩日甚,设欲大举其徒固亦难矣。斯亦間之渐,可使其上下猜阻,祸乱内兴矣。’太后深然之。”དེའི་གོ་དོན་བོད་ཡིག་ཏུ་བསྒྱུར་ན། ཀུའོ་ཡོན་ཀྲེན་གྱིས་ཡང་བསྐྱར་ཡར་ཞུ་བྱས་དོན།“བོད་ཀྱི་མི་སེར་ཚོ་དམག་བྱས་ཏེ་ས་བསྲུང་ནས་འདུག་རྒྱུར་ཐང་ཆད་བཞིན་ཡོད་པས། སྔོན་ནས་བཟུང་གཉེན་ཞུས་ཏེ་འགྲིག་མཐུན་འོང་རྒྱུར་འཐད་མོད།འོན་ཀྱང་མགར་ཁྲི་འབྲིང་རང་གི་དམག་དབང་ཁོ་ནར་རྔམས་ནས་གོ་གནས་དེ་སུ་ལའང་མི་སྤྲོད། དེའི་ཕྱིར་ལོ་ལྟར་འདུམ་བྱེད་པའི་ཕོ་ཉ་བཏང་ན་མགར་ཁྲི་འབྲིང་གིས་ནམ་ཡང་བརྩི་མི་སྲིད།བྱ་བ་དེས་མི་ཚོས་མགར་ཁྲི་འབྲིང་ལ་འཛིན་པའི་འཁོན་སེམས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་ལ།རྒྱལ་ཁབ་ལ་དྲིན་ལན་གཞལ་བའི་རེ་ལྟོས་ཀྱང་ཉིན་རེ་བཞིན་ཇེ་ཆེར་འགྲོ་ངེས། དུས་དེར་ཁོས་རང་གི་རྒྱལ་ཁབ་ཀྱི་མི་སེར་སྐུལ་སློང་ཞིག་བྱེད་སྙམ་པའི་དབང་དུ་བཏང་ནའང་ཧ་ཅང་ཁག་པོ་རེད།འདི་ནི་རིམ་གྱིས་དབྱེན་སྦྱོར་དཀྲུགས་ཤིང་བྱེད་པའི་ཐབས་ཇུས་ཤིག་ཡིན་པས། ཁོ་ཚོའི་གོང་འོག་བར་ལ་དོག་པ་ཟ་རུ་བཅུག་ནས།བྱུར་དང་ཆག་སྒོ་ནང་ཁུལ་ནས་སློང་ཐུབ”ཅེས་བཤད་པས། རྒྱལ་མོས་སེམས་གཏིང་ནས་བསྔགས་པ་བརྗོད།ཅེས་པ་འདི་ལས་མགར་ཁྲི་འབྲིང་དང་བཙན་པོ་གཉིས་ནང་མི་འཆམ་པའི་གནད་དོན་ཡང་རགས་ཙམ་རྟོགས་ཐུབ་པར་སྙམ་ལ།དེ་ནི་གཅིག་ནས་མགར་གྱི་བུ་རྒྱུད་དག་གིས་དམག་དབང་བཟུང་ཡོད་པས་བཙན་པོའི་བཀའ་དེ་འདྲ་མ་བརྩིས་པ་ལ་བརྟེན།བཙན་པོའི་སྐུ་ཉེ་དག་དང་མཐོ་རིམ་དབང་བསྒྱུར་བའི་སྲིད་དབང་ལ་འཇིགས་སྣང་བསྐུལ་བ་དང་།གཉིས་ནས་དགྲ་ཟླ་ཐང་གི་དཔོན་བློན་ཚོས་གནས་ཚུལ་དེ་ཤེས་ནས་ཕྲ་མ་མང་པོ་བཅུག་པ་དང་།གསུམ་ནས་དུས་ཡུན་རིང་བོར་དམག་འཁྲུག་གི་འཁོར་ལོ་བསྐོར་བས་དམག་མི་རྣམས་ཞི་མཐུན་ལ་མོས་པ་ལས་དམག་རྒྱག་འདོད་མེད་པར་སུན་སྣང་གིས་ཁེངས་ཡོད་ཀྱང་མགར་ཚང་གི་བུ་རྒྱུད་ཚོའི་དབང་ཤུགས་ལ་སྐྲག་ནས་བསྡད་ཡོད་པ་བཅས་ལ་བརྟེན་ནས་མཐར་མི་འདོད་པའི་ཆག་སྒོ་དེ་ཉིད་མགོ་ཐོག་ཏུ་བབས་པར་མངོན།ཁོང་གི་མི་ཚེ་ནི་དེ་ལྟ་བུའི་སྐྱོ་གར་ཞིག་གི་ཁྲོད་མཇུག་རྫོགས་ཀྱང་།མཛད་རྗེས་ཏེ་བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་བསྐྱེད་ཆེད།མི་ཚེ་གང་བོར་སྐུ་ལུས་ཁྲབ་དང་འབྲལ་མ་མྱོང་ལ།ཕྱག་ཟུང་མཚོན་དང་འབྲལ་མ་མྱོང་བའི་སྙིང་སྟོབས་དང་ལག་རྗེས་དེ་དག་རྒྱ་བོད་གཉིས་ཀྱི་ཡིག་ཚང་རྙིང་བ་དག་གི་ཁྲོད་ན་བདེན་དཔང་གི་ཚུལ་དུ་རྡོ་རིང་བཞིན་ཀྲོང་ངེར་འགྱིངས་འདུག་གོ། 

  --------------------མགར་ཁྲི་འབྲིང་གི་སྐོར་ད་སྡ་བོད་ཡིག་གི་ལམ་ནས་ལོགས་སུ་བྲིས་ཡོད་པའི་རྩོམ་ཡིག་སོགས་མ་མཐོང་ལ། འདིར་ཁོང་གི་མཛད་རྗེས་ཅུང་ཟད་ངོ་སྤྲོད་བྱས་པ་དང་སྦྲགས། རྒྱ་ཡིག་མ་ཕྱིའང་ཇི་བཞིན་བཀོད་ཡོད་པ་ནི་ལོ་རྒྱུས་ལ་མོས་པ་ཡོད་མཁན་ཚོར་བལྟ་བདེ་བའི་ཆེད་དུའོ།།


上一篇:མདོ་སྨད་ལོ་རྒྱུས་ཉིང་བསྡུས།

下一篇:ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་སྲིད་སྐྱོང་བའི་མཛད་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1792514 位访客