སྐབས་གཉིས་པའི་རེབ་གོང་དབྱར་སྟོན་སྒྱུ་རྩལ་གྱི་འགོ་རྩོམ་མཛད་སྒོ།

发布时间:2017-07-07 03:58:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་སྒྲུབ་བྱས་པའི་སྐབས་དང་པོའི་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་ཟློས་གར་ལྷན་འཁྲབ་དང་སྐབས་གཉིས་པའི་ཀྲུང་གོ་མཚོ་སྔོན་རེབ་གོང་དབྱར་སྟོན་སྒྱུ་རྩལ་དུས་ཆེན་གྱི་འགོ་རྩོམ་མཛད་སྒོ་དེ་རིང་སྔ་དྲོ་རེབ་གོང་རིག་གནས་ཐང་ཆེན་དུ་སྤེལ།  མཛད་སྒོའི་སྟེང་བོད་ཀྱི་མིང་དུ་གྲགས་པའི་གླུ་བ་སྒྲོལ་མ་སྐྱབས་དང་རིན་ཁོ།  ཚེ་རིང་གཡང་འཛོམས།  པདྨ་ལྷ་མོ།  གཡང་མོ་སྒྲོལ་མ་སོགས་གདན་འདྲེན་ཞུས་ཡོད།  

ཁུལ་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཀྲི་ཅོན་གྱིས་ཤིས་ཚིག་འབུལ་བཞིན་པ། 

ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ལིས་ཞ་ཡིས་འགོ་རྩོམ་མཛད་སྒོ་དབུ་ཚུགས་པ་ཁྱབ་བསྒྲགས་བྱེད་ཀྱིན་པ། 

དབྱར་སྟོན་སྒྱུ་རྩལ་དུས་ཆེན་ནི་ཅི་ལྟར་བྱུང་བ་ཡིན་ནམ་ཞེ་ན།

རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་ལ་ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བརྒྱད་པའི་ཚེས་གཅིག་བར་གྲྭ་པ་བྱིངས་དབྱར་གནས་ལ་འདུག་པའི་ཕྱག་སྲོལ་ཞིག་ཡོད། དབྱར་གནས་གྲོལ་བ་ན་གྲྭ་པ་རྣམས་ཀྱིས་རང་གི་ཆོས་གྲོགས་དང་བསྡེབས་ནས་རང་ཤག་ཏུ་སྟོན་མོ་བྱེད་པ་དང་། དགོན་གཞུང་གིས་ཀྱང་གཅིག་མཐུན་སྒོས་གྲྭ་པ་རྣམས་ལ་དབྱར་ཁའི་དུས་སྟོན་འདི་བཀོད་སྒྲིག་དང་འགྱེད་ཡིད་ཚིམ་པ་ཞིག་གཏོང་ལ། དགོན་པའི་ཉེ་འདབས་ཀྱི་ཚལ་དང་སྤང་ལྗོངས་སུ་ཕེབས་ཏེ་བཟའ་བཏུང་དང་རྩེད་འཇོ་ལ་རོལ་བར་བྱེད་ཅིང་། དབྱར་སྟོན་ཞེས་པའི་ཐ་སྙད་འདི་བྱུང་བར་བཤད། དུས་རབས18པའི་དུས་དཀྱིལ་ཙམ་ལ། དབྱར་སྟོན་གྱི་རྩེད་མོ་ལ་དབུས་གཙང་གི་ཨ་ཅེ་ལྷ་མོའི་ཟློས་གར་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། སྐལ་ལྡན་མགུར་མ་དབྱངས་སུ་གྱེར་བ་དེ་ལུས་ཀྱི་སྟངས་སྟབས་ལ་འགྱུར་བ་བྱུང་ཞིང་། རིམ་གྱིས་ཆོས་གཞུང་ལ་མཁས་པའི་བཙུན་པ་ཁག་ཅིག་གིས་དབྱར་སྟོན་གྱི་རྩེད་མོའི་རྣམ་གྲངས་དག་སྒྲིག་བྱེད་པའི་འགོ་བརྩམས་ཏེ། སྐལ་ལྡན་མགུར་མའི་དབྱངས་རྟ་ལྟར་དབུས་གཙང་གི་ལྷ་མོ་འཁྲབ་སྟངས་དང་ནང་མ་སོགས་དམངས་ཁྲོད་འཁྲབ་སྟངས་རེ་གཉིས་དབྱར་སྟོན་གྱི་རྩེད་རིམ་ནང་བསྣན་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་སྐུ་དྲིན་ཆེ་བའི་སྐྱེས་ཆེན་རྣམས་ཀྱི་རྟོགས་བརྗོད་སོགས་གཏམ་རྒྱུད་རང་བཞིན་གྱི་བརྗོད་བྱ་བདམས་ནས་རྣམ་ཐར་འཁྲབ་པའི་སྲོལ་བཏོད་དེ། 1958ལོའི་ཡར་སྔོན་དུ་དམངས་ཁྲོད་དུ་ཧ་ཅང་དར་རྒྱས་ཕྱིན་ཡོད་པ་རེད། 1978ལོའི་རྗེས་ནས་བོད་ཀྱི་རྣམ་ཐར་ཟློས་གར་ལ་བཅོས་སྒྱུར་གང་འཚམ་བྱུང་སྟེ་དེང་རབས་སྒྱུ་རྩལ་གྱི་གར་སྟེགས་སྟེང་སྐྱོད་འགོ་ཚུགས་ཤིང་། རྨ་ལྷོའི་བོད་ཀྱི་ཟློས་གར་ནི་མཚོ་སྔོན་བོད་ཀྱི་ཟློས་གར་གྱི་གཙོ་གཞི་ཡིན་ལ་ཁྱབ་རྒྱ་དང་ཤུགས་རྐྱེན་ཤིན་ཏུ་ཆེ། དབྱར་སྟོན་ཞེས་པའི་ཐ་སྙད་ནི་འདི་ལྟར་བྱུང་ཞིང་ད་ལྟ་ཀུན་ལ་ཆ་རྒྱུས་ཡོད་པའི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་གྱི་བྱ་འགུལ་ཞིག་ཏུ་གྱུར་ཡོད་པ་དང་། དབུས་གཙང་གི་ཞོ་སྟོན་དང་འདྲ་བར་བོད་ཀྱི་ཟློས་གར་འཕེལ་རྒྱས་སུ་ཕྱིན་པའི་ལོ་རྒྱུས་ཀྱི་ཐོན་དངོས་ཤིག་ཀྱང་ཡིན། 2016ལོར་ཁུལ་སྲིད་གཞུང་གིས་དབྱར་སྟོན་དུས་ཆེན་ནི་རྨ་ལྷོའི་ལོ་རེར་ཐེངས་གཅིག་གི་ཕྱོགས་བསྡུས་སྒྱུ་རྩལ་དུས་ཆེན་དུ་གཏན་འཁེལ་བྱས་ཏེ། དེ་ལ“བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་རྒྱས་འཛོམས་དང་མི་དམངས་མང་ཚོགས་ཀྱི་དུས་ཆེན”ཞེས་པའི་མཚན་སྙན་ཡང་ཡོད་པ་རེད། 

 

     མཛད་སྒོའི་སྟེང་དབུས་གཙང་དང་ཨ་མདོའི་ཟློས་གར་གལ་ཆེན་དག་གི་འཁྲབ་ཚན་ཐུང་ངུ་རེ་འཁྲབ་པ་ལ་ལྟད་མོ་བ་དག་གི་དགའ་བསུ་ཐོབ་ཡོད་པ་དང་།  ཀྲུང་གོའི་རྒྱལ་ནོར་དུ་བསྔགས་པའི་ཅིན་ཅུའུ་སྟེ་མེ་ལན་ཧྥང་གི་གར་ཉམས་བཏོད་པ་ལ་ལྟད་མོ་བ་དག་གི་དགའ་འབོད་བྱས་ཡོད།  གཞན་ཡང་ལྷ་མོ་གར་འཆམ་དང་ཟློས་གར་ཆེན་མོ་སྲོང་བཙན་སྒམ་པོ་སོགས་ཀྱང་འཁྲབ་ཡོད་པ་རེད།


    





上一篇:མཚོ་སྔོན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་དྲུག་པའི་བརྟན་འཇགས་དང་བདེ་སྲུང་བྱ་བའི་གྲོས་ཚོགས་བསྡུས།

下一篇:མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དགེ་རྒན་ཆེན་མོ་ཉི་མར “རྒྱལ་སྨན་ཆེན་མོ”ཞེས་པའི་མཚན་སྙན་ཐོབ་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1868978 位访客