བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ

发布时间:2017-07-13 03:31:42

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བདག་ཉིད་ཆེན་པོ་འདི་ལ་བོ་དོང་པཎ་ཆེན་དང་། འཇིགས་མེད་གྲགས་པ། ཆོས་ཀྱི་རྒྱལ་མཚན་སོགས་མཚན་གྱི་རྣམ་གྲངས་འགའ་ཞིག་མཆིས། རབ་བྱུང་དྲུག་པའི་ཤིང་ཡོས་སྤྱི་ལོ1375ལོར་ཡབ་ཞ་མའི་རིགས་ལས་བྱུང་བ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་གཙང་ལ་སྟོད་ལྷོ་ཕྱོགས་དབྱིག་གུ་ཞེས་བྱ་བའི་འབྲོག་གནས་སུ་སྐུ་བལྟམས། མཚན་ལ་གཡུང་དྲུང་སངས་རྒྱས་སྐྱིད་ཅེས་གསོལ། དགུང་ལོ་ལྔ་པར་ཡི་གེ་འབྲི་ཀློག་གསན་སྦྱོང་མཛད་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་པར་གྱམ་བསམ་གཏན་གླིང་དུ་གང་གི་སྐུ་ཞང་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། དེ་ནས་མཁན་ཆེན་གྲགས་པ་རྒྱལ་མཚན་དང་ལྷན་དུ་བོ་དོང་ཨེའི་ཆོས་སྡེ་ཆེན་པོར་ཕེབས་ནས་མཁན་པོ་ཉིད་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་པའི་མཚན་ལ་ཆོས་ཀྱི་རྒྱལ་མཚན་དུ་གསོལ། དེ་ནས་ཨེ་ཆོས་སྡེའི་མཁས་པའི་དབང་པོ་ཆོས་ཀྱི་རྡོ་རྗེའི་ཞབས་ལ་གཏུགས་ནས་ཐོག་མར་ཚད་མ་རིག་པ་ལ་བློ་སྦྱངས་ཏེ་ཚད་མ་རྣམ་འགྲེལ་ལ་གཟིགས་ནས་དཔང་ལོ་དང་། ལོ་ཆེན་གྲགས་པའི་ཊཱིཀ་ཆེན་ཡོངས་རྫོགས་ཐུགས་སུ་ཆུད། དགུང་ལོ་བཅུ་དྲུག་པར་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་ལ་ཕེབས་དུས་སྙན་དངགས་ལ་ཆེད་དུ་སྦྱངས་པ་མ་གནང་ཡང་ཤིན་ཏུ་མཁས་པར་གྱུར་ནས་ཐུབ་པའི་དབང་པོར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་དང་། འཇམ་དབྱངས་ཀྱི་བསྟོད་པ་བརྒྱ་པ། གཞོན་ནུ་ནོར་བཟང་གི་རྟོགས་བརྗོད་ལ་སོགས་བཀའ་རྩོམ་དུ་མ་མཛད། དེའི་དུས་ཕྱག་དཔེ་ཐུགས་འཛིན་ལའང་ཐོགས་པ་མེད་པ་བྱུང་ནས་མངོན་པ་ཀུན་བཏུས་ཀྱི་གཞུང་ཡོངས་སུ་རྫོགས་པ་ལན་གསུམ་གྱི་བར་དུ་བཀླགས་པས་ཐུགས་ལ་ཟིན་ཐུབ་པ་ལྟ་བུ་དང་། དགུང་ལོ་ཉེར་གཅིག་པར་ཨེ་ཆོས་སྡེའི་ལྕགས་རིའི་བྱང་ཤར་ལྕོག་ཁང་ཞིག་ཏུ་སྐུ་མཚམས་བཅད་དེ་དབྱངས་ཅན་མ་སྒྲུབ་པས་ཞལ་བསྟན་པ་དང་ཆོས་ཀྱི་རྣམ་གྲངས་དུ་མའི་ལུང་བསྩལ་བར་གྲགས། དེ་སྐབས་དབྱངས་ཅན་ལྷ་མོའི་བསྟོད་པ་བུང་བའི་གླུ་དབྱངས་ལ་སོགས་པ་མང་དུ་མཛད། དེ་ནས་ཨེ་ཆོས་སྡེར་སྐུ་མཚམས་དམ་པར་བཅད་དེ་དབུ་མ་རྩ་བ་ཤེས་རབ་དང་། དཔལ་ལྡན་ཟླ་བའི་རྗེས་འབྲངས་དང་བཅས་པར་འགྲེལ་པ་མཛད་པ་དབུ་མ་ཐལ་འགྱུར། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྗེས་འབྲངས་དང་བཅས་པའི་དབུ་མ་རང་རྒྱུད་ཀྱི་འགྲེལ་པ་མཐའ་དག་ལ་དཔྱད་པ་ཞིབ་ཏུ་མཛད་པས་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེས་པ་ཇི་ལྟར་ཐུགས་སུ་ཆུད་ཁར། ཚད་མའི་བསྟན་བཅོས་མཐའ་དག་ལ་ཡང་འདྲིས་ཤིང་བྱང་ཆུབ་པར་གྱུར། མཁན་ཆེན་དཔལ་ལྡན་གྲགས་པས་རྒྱ་གར་གྱི་པཎྜི་ཏ་དབྱིག་གཉེན་དང་། ཙནྡྲ་གོ་མི་ལྟར་ཐུབ་པའི་གསུང་རབ་མཐའ་དག་འདིས་ནི་སློབ་དཔོན་གྱི་ཁ་ལས་མ་ཐོབ་བར་རང་ཉིད་ཀྱིས་ཟབ་རྒྱས་ཀྱི་བཤད་པ་ལྷུར་ལེན་བྱེད་པ་འདི་འདྲ་བ་དག་ནི་སྔོན་ཆད་བོད་འདིར་མ་བྱུང་ངོ་ཞེས་བསྔགས་པ་རྒྱ་ཆེར་མཛད། དགུང་ལོ་ཉེར་གསུམ་པར་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕེབས་པའི་ལམ་བར་སྙན་ངག་གི་བསྟན་བཅོས་ཡིད་ཀྱི་ཤིང་རྟ་བཀའ་རྩོམ་གནང་། དེ་ནས་དཔལ་རྩེད་ཐང་གི་ཆོས་སྡེ་ཆེན་པོ་དང་། གསང་ཕུ་ནེའུ་ཐོག་ཏུ་ཕེབས་ནས་གཞུང་ཆེན་པོ་རྣམས་ཀྱི་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ་། དེ་རྗེས་སྟག་ལུང་དུ་བྱོན་ཏེ་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་དང་མཇལ་ནས་དོ་ཧ་སྐོར་གསུམ་གདམས་པ་དང་། སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་པོ་ལས་རྣམ་སྲས་ཀྱི་རྗེས་གནང་ལ་སོགས་ཆོས་སྐོར་མང་དུ་གསན། པད་དཀར་ཆུན་པོ་ངང་པའི་བུ་མོ་ཡིད་ལ་དགའ་བ་འཕེལ་བ་ཞེས་བྱ་བའི་ལེའུ་དང་པོ་སྟག་མོ་ལུས་སྦྱིན་གྱི་སྐྱེས་རབས་དང་། རྟག་ངུའི་རྟོགས་བརྗོད་དོན་རྒྱན་གསལ་བའི་མེ་ལོང་ཞེས་བྱ་བ་གཉིས་བརྩམས། དེ་ནས་གཙང་དུ་ཕེབས་ཏེ་བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཁན་པོ་མཛད་དེ་ལས་སློབ་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས། དེ་ནས་ཨེ་ཆོས་སྡེའི་གདན་ས་མཛད་ནས་མངོན་པ་ལ་སོགས་པའི་གསུང་རབ་མཐའ་དག་འཆད་ཉན་གྱིས་གཏན་ལ་ཕབ་པ་དང་། ཆོས་མངོན་པ་ཀུན་བཏུས་དང་། ཕར་ཕྱིན། རྣམ་འགྲེལ་ལ་སོགས་པའི་གཞུང་ཆེན་གྱི་འགྲེལ་པ་དང་། ཨེའི་གནས་བསྟོད། རྒྱལ་བ་ཤཱཀྱའི་དབང་པོ་ལ་ཁྱད་པར་འཕགས་བསྟོད་ལ་སོགས་པ་བཀའ་རྩོམ་མཛད། དེ་བཞིན་རྗེ་གྲགས་པ་རྒྱལ་མཚན་སོགས་མཁས་གྲུབ་དུ་མ་ལས་རྒྱུད་ཀྱི་སྨིན་བྱེད་དབང་གི་རིམ་པ་མཐའ་དག་དང་། ས་ཕུར་གྱི་དབང་ཀྱེེ་རྡོར་མན་ངག་ལུགས། ཌོམ་བྷི་ལུགས། དོན་ཞགས། མཁའ་འགྲོ། རྒྱ་མཚོ། འོད་ཟེར་ཅན། གཟུངས་ཆེན་ལྔ། གསང་ཆེན་བླ་ན་མེད་པའི་མན་ངག་གི་རིམ་པ། གསང་འདུས་རིམ་ལྔ་སོགས་རྒྱུད་སྡེ་རིན་པོ་ཆེ་འབྱམས་ཀླས་པ་གསན་སྦྱོང་དཔྱིས་ཕྱིན་པ་མཛད། དམ་པ་འདི་ཉིད་ལུས་ཀྱི་རྩལ་དང་ཡིག་རིགས་སྣ་ཚོགས་འབྲི་བ་ལ་མཁས་པས་གཞོན་ནུའི་དུས་ནས་བོད་ཀྱི་སྡེབ་སྦྱོར་བསྟན་བཅོས་དང་། ལུགས་ཀྱི་བསྟན་བཅོས་ཀྱང་མཛད་ཅིང་། སྒྲའི་གཞུང་ལུགས་ཀུན་ལ་ནང་བྱན་ཆུབ་པ་མཁས་པའི་རྩེ་མོར་སོན་ནས་མདོ་རྒྱུད་བསྟན་བཅོས་མང་པོའི་འགྱུར་ལེགས་པར་འཆོས་ཤིང་། དཀའ་བའི་གནད་གཞི་འགྱུར་ཡང་མང་པོ་མཛད། གཞན་ཡང་ཕྱི་རོལ་པའི་རིག་པའི་གཞུང་རྣམས་ཀྱང་མཁས་པར་མཁྱེན་ལ། བཟོ་རིག་པའང་བྱང་ཆུབ་པ་སོགས་རིག་པའི་གནས་ལྔ་ལ་མཁས་པའི་ཡང་རྩེར་སོན། དགུང་ལོ་སུམ་ཅུ་ཙམ་ནས་རྒྱུད་སྡེ་རྒྱ་མཚོ་བཤད་པ་དང་སྒྲུབ་པ་ལ་ཡང་དག་པའི་ངེས་པ་གཟིགས་ནས། མཁས་མཆོག་རྣམས་ཀྱིས་རྒྱུད་རྣམས་བསྒྱུར་བའི་དགོས་པ་བསྒྲུབ་ཕྱིར་རྡོ་རྗེ་ཐེག་པ་ལ་སོགས་པའི་གསུང་རབ་ཀུན་གྱི་སྙིང་པོའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་འདུས་པ་ལེགས་པར་བརྩམ་འགོ་ཚུགས། དེ་བཞིན་དཔལ་ཀྱེེ་རྡོ་རྗེ་ནས་གཞི་བདག་སྲུང་མའི་བར་སྐུ་རྣམས་དང་། དཔལ་དེ་ཉིད་འདུས་པར་གསུངས་པའི་དཀྱིལ་འཁོར་ཐམས་ཅད་རི་མོར་བྲིས་པ་ཐང་སྐུ་ལྔ་བརྒྱ་ཙམ་དང་། རྒྱུད་སོ་སོའི་དཀྱིལ་འཁོར་གྱི་བློས་བསླངས་དུ་མ་དང་། དེ་དག་གི་ནང་དུ་ཇི་ལྟར་འདོད་པའི་སྒྲུབ་མཆོད་བྱེད་དུས་སྤྱན་དྲངས་ཆོག་པའི་དེ་ཉིད་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྐུ་པར་དུ་བཏབ་ནས། དེ་བཞིན་གཤེགས་པའི་སྐུ་འབུར་དུ་དོད་པ་ཤིན་ཏུ་མང་བ་བཞེངས་པ་སོགས་བོ་དོང་ཨེའི་བཤད་གྲྭ་ལས་ཐོན་པའི་མཁས་གྲུབ་འདི་ཉིད་མདོ་སྔགས་རིག་གནས་ཐམས་ཅད་ཐུགས་སུ་ཆུད་པའི་གྲགས་ཆེ་ཤིང་། དེ་ཉིད་འདུས་པ་སོགས་པོད་བརྒྱ་དང་བཞི་བཅུ་ལྷག་གི་བཀའ་རྩོམ་བཞུགས་ལ། གཡག་སྡེ་པཎ་ཆེན་དང་རོང་ཊཱིཀ་པ་གཉིས་ཀ་རྩོད་པས་ཕམ་པ། ངམ་རིང་རིག་གཏེར་བཀག་པ། མཁས་གྲུབ་རྗེས་སྐུ་ན་ཕྲ་དུས་རྩོད་པས་བཅོམ་པར་མཛད་་པ། སྐབས་ཤིག་རང་རྐང་གི་གྲུབ་མཐའ་བཙུགས་པར་བཞེད་དེ་དཔལ་མོ་ཆོས་སྡིངས་སོགས་དགོན་པ་ཁ་ཤས་བཏབ་ནས་དེར་འཆད་ཉན་མཛད་པས་བོ་དོང་པའི་གྲུབ་མཐའ་བྱུང་བ་སོགས་བསྟན་འགྲོའི་དོན་ཁོ་ན་མཛད་མཐར། དགུང་ལོ་བདུན་ཅུ་དོན་བདུན་པ་རབ་བྱུང་བརྒྱད་པའི་ལྕགས་ལུག་སྤྱི་ལོ1451ལོའི་བོད་ཟླ་གསུམ་པའི་གནམ་གང་ཉིན་ཞི་བར་གཤེགས། གང་གི་གསུང་ལས་སྐྱེས་པའི་སློབ་མ། བཀའ་བབས་ཉི་ཤུ་རྩ་གསུམ་དང་། འཁོར་གྱི་གདུང་རྒྱུད་གསུམ། རིག་སྔགས་འཆང་བ་གཅིག ཉི་ཟླ་ལྟར་གྲགས་པའི་མཁས་པ་གཉིས། འཇིག་རྟེན་མིག་གསུམ། ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག མདོ་སྔགས་ཡོངས་སུ་རྫོགས་པ་བཅུ་གསུམ། ཤཱཀྱ་ཤྲིའི་གདན་ས་གཉིས། གཙུག་རྒྱན་བཅུ་དྲུག མཚན་ཉིད་རབ་འབྱམས་སྨྲ་བ་བཞི། སྔགས་རབ་འབྱམས་པ་གཉིས། སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི། སྔགས་འཆང་དྲག་པོ་གཉིས། གྲུབ་ཆེན་ལྔ་བཅུ་སོགས་ཤིན་ཏུ་མང་བར་གསུངས། རྩོམ་པ་ལ་ཡང་། དེ་ཉིད་བསྡུས་པའི་རྒྱ་མཚོ་དང་། འཇུག་པའི་སྒོ་བཞི། ལེའུ་ཉི་ཁྲི་ཆིག་སྟོང་། མན་ངག་བདུན་ཁྲི་ཉིས་སྟོང་། ཆོས་ཀྱི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འབྲིང་པོ་ལ་ཉི་ཤུ། བསྡུས་པ་གླེགས་བམ་གཉིས། ཤིན་ཏུ་བསྡུས་པའི་སྙིང་པོ་ལ་གླེགས་བམ་གཅིག་ཡོད་པའི་རྩོམ་པ་ཆེན་པོ་མཛད་དེ། རྒྱལ་བའི་བསྟན་པ་གསལ་བར་མཛད་དོ། །

བོ་དོང་པཎ་ཆེན་གྱིས་བརྩམས་ཆོས་མང་པོ་བརྩམས་པའི་བརྒྱུད་རིམ། 

         དེང་སྐབས་འཛམ་གླིང་ཟླུམ་པོ་འདིའི་སྒང་ན་བརྩམས་ཆོས་ཆེས་མང་པོའི་རྩོམ་པ་པོ་ཞེས་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་མིང་མི་ཤེས་མཁན་ཕལ་ཆེར་མེད་ཚོད་ཡིན།  ཡིན་ནའང་བོ་དོ་པཎ་ཆེན་གྱིས་བརྩམས་ཆོས་མང་པོ་བརྩམས་པའི་བརྒྱུད་རིམ་ཤེས་མཁན་ཡང་མང་པོ་མེད་ཚོད་རེད།  དེ་བས་ད་ཐེངས་བདག་གིས་ཧི་མ་ལའི་རིག་མཛོད་ཁང་དུ་བོ་དོང་རང་གི་སློབ་མ་ཤཱཀྱའི་དགེ་བསྙེན་འཇིགས་མེད་འབངས་སམ་ཡར་འབྲོག་པ་ནམ་མཁའ་བཟང་པོ་ཞེས་པས་བརྩམས་གནང་མཛད་པའི(༄༅།། དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་བཅུ་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་པ་ངོ་མཚར་གྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།)ཞེས་པར་ལན་གཉིས་སུ་དཔེ་བསྡུར་ཞུ་དག་བྱས་པ་བརྒྱུད་ནས།  བོ་དོ་པཎ་ཆེན་གྱིས་བརྩམས་ཆོས་མང་པོ་བརྩམས་པའི་བརྒྱུད་རིམ་སྐོར་ཞིག་ངོ་སྤྲོད་བྱ་བར་སྤྲོའོ།། 

ཀ  བོ་དོང་ངོ་སྤྲོད།  བོ་དོང་པཎ་ཆེན་ནི་སྤྱི་ལོ1375ལོར་ཡབ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་ལོར་གཙང་ལ་སྟོད་དུ་འཁྲུངས་ཤིང་། སྐུ་ཆུང་དུས་མཚན་ལ་སངས་རྒྱས་སྐྱིད་ཟེར། རབ་བྱུང་མཚན་ལ་སངས་རྒྱས་རྒྱལ་མཚན་ཟེར།  དགེ་ཚུལ་གྱི་མཚན་ལ་ཆོས་ཀྱི་རྒྱལ་མཚན་ཟེར་རོ། ། དགོང་ལོ་ལྔ་ནས་སློབ་སྦྱོང་གི་མགོ་བརྩམས་འདུག་ལ།  དགོང་ལོ་བདུན་ནས་ནང་ཆོས་ལ་ཞུགས་འདུག    དགོང་བདུན་ཅུ་དོན་བདུན་ཐོག་སྤྱི་ལོ1451ལོར་སྐུ་གཤེགས་འདུག་ལ་དེའི་བར་དུ་སློབ་གཉེར་གྱི་རྒྱུན་བསྐྱངས་ནས་ཁོའི་སྐུ་ཚེ་གང་བོ་ནི་འཆད་རྩོད་རྩོམ་གྱི་བྱ་བ་དང་། ལྷག་པར་དུ་རྩོམ་གྱི་བྱ་བས་མཐར་ཕྱིན་འདུག་ལ། ད་ལྟ་དངོས་སུ་ཕྱོགས་བསྡུས་ཟིན་པའི་བོ་དོང་གསུང་འབུམ་ལ་ཁྲུ་རྐང་མའི་པོད་བརྒྱ་དང་སུམ་ཅུ་སོ་བདུན་བཞུགས་སོ།།  ཁོང་གིས་སློབ་གཉེར་གནང་ས་ནི།  གྱམ་བསམ་གཏན་དང་བོ་དོང་ཨེའི་ཆོས་སྡེ་ཡིན་པ་རེད།  
ཁ། བོ་དོང་གིས་རྩོམ་འབྲི་བའི་མགོ་བརྩམས་པ་ནི།  (ཉིད་དགུང་ལོ་སུམ་ཅུ་བཞེས་པ་ཙམ་ན་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་འགྲེལ་བའི་དགོངས་པ་འཁྲུངས་ཏེ། ---རྣམ་ཐར་ལས་དྲངས།)

ག  བོ་དོང་ལ་རྩོམ་འབྲི་འདོད་ཀྱི་དགོངས་པ་འཁྲུངས་པའི་རྒྱུ་རྐྱེན་ནི། འདི་ལྟར་ཡིན་འདུག་ལ།  (ཕྱོགས་འདིར་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་།  མཁས་གྲུབ་ལོ་པཎ་སྐྱེས་མཆོག་དུ་མའི་བཀའ་དྲིན་ཆེན་པོས་ས་འདི་བསྐལ་པ་བཟང་པོ་ཉིད་དུ་མཛད་ནས།  མཐའ་ཡས་པའི་བསོད་ནམས་ཆེན་པོའི་དབང་ལས་རྒྱུད་སྡེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གྲངས་མེད་པ་ཁ་བ་ཅན་འདིར་བྱོན་པར་གྱུར་ཏེ།  རྒྱུད་སྡེ་འགའ་ཞིག་བཤད་པ་དང་སྒྲུབ་པའི་སྲོལ་ཆེན་པོ་དག་ཀྱང་ཚུགས་པར་གྱུར་མོད།  ཕལ་ཆེར་འདི་དག་ལ་དབང་སྐུར་མ་མེད་ཅིང་དེའི་ཕྱིར་ན་བཤད་དུ་མི་རུང་ངོ་ཞེས་གཙུག་ལག་ཁང་གི་གྲྭ་མིག་གི་ཁྲིར་བཀོད་ནས་མཆོད་རྟེན་ལྟ་བུར་མཆོད་པའི་ཡུལ་ཙམ་དུ་བྱེད་ཅིང་།  ལ་ལས་མོ་མ་ངག་གི་ཁ་ལས་བྱུང་བའི་ཆོས་ཀྱི་རྡུལ་སྤྲུགས་བྱེད་དོ་ཞེས་ཀློག་མཁན་རྣམས་ཀྱིས་ཀློག་པ་ཙམ་དུ་ཟད་ལ།  ཁ་ཅིག་ཏུ་ཁོ་བོ་ཅག་གིས་རྒྱུད་ཀྱང་ཉིད་ཀྱི་ལུང་ཐོབ་པོ་དེ་ཉིད་ཁོ་ནའི་སླད་དུ་ན་རྒྱུད་འགའི་ལུང་བྱེད་པ་ལ་མི་འཇིགས་པ་ཉིད་དོ་ཞེས་དེ་དང་དེ་འཆད་པར་བྱེད་དོ།  །  ---རྣམ་ཐར་ལས་དྲངས།)
         ད་དུང་ཕྱོགས་གཞན་ཞིག་ལས་བཤད་ན་འདི་ལྟར་ཡང་རེད།   (གངས་རིའི་ཁྲོད་ཀྱི་རིག་སྔགས་འཆང་གི་ཤིང་རྟའི་སྲོལ་ཆེན་པོ་ཀུན་ཏུ་འབྱེད་པ་ལ་མཆོག་གི་སྤོབས་པ་དང་ལྡན་པ་གྲུབ་པ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་རྣལ་ལམ་དུ་བྱོན་ནས་ཁོ་བོའི་རྣམ་བཤད་རྒྱ་མཚོ་ལ་ནོར་པར་སྣང་ན་དེ་དག་ཀྱང་སུན་ཕྱུང་ཞིང་།  རྡོ་རྗེ་ཐེག་པ་ལ་སོགས་པའི་གསུང་རབ་ཀུན་གྱི་འགྲེལ་པ་དཔལ་དེ་ཉིད་འདུས་པ་དཔའ་བོ་ཆེན་པོ་ཁྱོད་ཀྱིས་ཅི་དགའ་བར་རྩོམས་ཤིག ཅེས་རང་གི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མཆོག་གི་ཅོད་པན་བཅིངས་ཏེ།  བླ་ན་མེད་པའི་གོ་འཕང་ཆེན་པོ་ལ་འགོད་པར་མཛད་དོ།། ---རྣམ་ཐར་ལས་དྲངས། )ཞེས་དང་།  (ནུབ་ཅིག་གི་རྣལ་ལམ་དུ་བུ་སྟོན་རིན་པོ་ཆེ་སྐུ་དར་ལ་བབས་པ་ཤིན་ཏུ་མཛེས་པ་བརྗིད་པའི་པཎྜི་ཏའི་ཆ་བྱད་ཅན་ཞིག་ཏུ་བྱོན་ནས།  འདི་ལྟར་ཐུབ་པའི་གསུང་རབ་ཀུན་གྱི་དོན་འགྲེལ་པ་ནི་ཤིན་ཏུ་དགའ་ཞིང་འདུན་པར་བྱ་བའི་གནས་ལགས་ཀྱི།  བདག་ཉིད་ཆེན་པོ་ཁྱེད་ཀྱིས་ཅི་དགའ་བར་དཔལ་དེ་ཉིད་འདུས་པ་མྱུར་དུ་བརྩོམ་པར་མཛོད་ཅིག ཅེས་ལྷག་པར་སྐུལ་བ་ཡིན་ནོ།། ---རྣམ་ཐར་ལས་དྲངས།)ཞེས་དང་།  (རེ་ཞིག་གི་དུས་ན་འཕགས་པ་འཇིག་རྟེན་དབང་ཕྱུག་རང་བྱོན་བཞུགས་པའི་གནས་མང་དུ་ཡུལ་སྐྱིད་པའི་གྲོང་དང་ཉེ་བའི་ས།  སྨན་གདོང་ཞེས་པའི་ནགས་འདབས་ཤིག་ན་བཞུགས་པའི་ཚེ་ན།  ཡོངས་སུ་རྫོགས་པའི་པཎ་ཆེན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་རྒྱ་གར་གྱི་པཎྜ་ཏ་ཆེན་པོ་ཞིག་གི་ཆ་བྱད་དུ་མཛད་ནས།  གསུང་རབ་མཐའ་དག་གི་གླེགས་བམ་གླང་པོ་ཆེ་བདུན་གྱི་ཁུར་དུ་བཀལ་ཏེ་ཕེབས་པའི་སྣང་བ་བྱུང་།  དེ་ནས་སུམ་མདོ་ཆེན་པོ་ཞིག་ཏུ་དཔལ་ལྡན་སེང་གེའི་ཁྲི་ལ་མངོན་པར་བཞུགས་ནས།  སྒྲ་དང་སྡེབ་སྦྱོར་དང་སྙན་ངག་ལ་སོགས་པ་གང་དང་གང་གི་གླེགས་བམ་དེ་དང་དེ་རྣམས་ལཛྙ་དང་ཝརྟུ་སོགས་ཇི་སྙེད་པའི་ཡི་གེའི་ཚོགས་དང་ལྡན་པའི་རྒྱ་དཔེའི་རྣམ་པ་ཕྱག་ཏུ་བཟུང་ནས་ལེགས་པར་གསུངས་ཤིང་རབ་ཏུ་བསྩལ་ཏེ།  མཐར་པོ་ཏི་ལྔ་ཙམ་ཞིག་ལ་འདི་དག་ནི་ཉིད་རང་མཁས་པར་སྣང་བས་ངས་བཤད་མི་དགོས་པ་ཉིད་དེ།  མདོར་ན་ཁོ་བོས་ཁྱེད་ལ་ཐུབ་པའི་གསུང་རབ་ཀུན་གྱི་ལུང་བྱས་ཟིན་གྱི།  ད་ནི་འདི་རྣམས་ཀྱི་བཤད་སྒྲུབ་དག་གིས་བསྟན་པའི་བདག་པོ་གྱིས་ཞེས་གསུང་བའི་སྣང་བ་བྱུང་ངོ་།། ---རྣམ་ཐར་ལས་དྲངས།)

ང་།  བོ་དོང་གི་རྩོམ་རྩལ་གཞན་དང་མི་འདྲ་བ་ཞིག་ཡིན་པ་ནི།  (དེ་ནས་ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཐུགས་དམ་གྱི་རིམ་པ་རྣམས་ཀྱི་རྗེས་ཐོབ་ཏུ་རྩོམ་པར་མཛད་པའི་ཚུལ་ནི།  ཡི་གེ་པ་ཉི་ཤུ་ཙམ་ལ་རང་རང་གི་གནས་མི་འཆོལ་པར་ཆུ་བོ་ཆེན་པོ་དལ་གྱིས་འབབ་པ་བཞིན་དུ་ཀུན་ཏུ་རྩོམ་པར་མཛད་པ་ནི།  འཇིག་རྟེན་དག་ན་དཔེར་བྱ་བ་ལས་འདས་པའི་རྣམ་པར་ཐར་པ་དཔག་པར་དཀའ་བ་ཡིན་ཏེ། ---རྣམ་ཐར་ལས་དྲངས།)ཞེས་དང་། (ཁྱེད་ཀྱི་ཞིང་ཁམས་དང་འཕྲིན་ལས་གཞན་ན་རྒྱ་ཆེ་བ་ཡིན་ཞེས་སྐུལ་བ་ལ་བརྟེན་ནས། རྩོམ་ཡིག་པ་སུམ་ཅུ་ཙམ་གྱིས་བྲི་བར་གནང་སྟེ་དཔལ་དེ་ཉིད་འདུས་པ་ཡོངས་སུ་རྫོགས་པར་མཛད་ཅིང་།  ---རྣམ་ཐར་ལས་དྲངས།)

ཅ། བོ་དོང་གི་རྩོམ་རྩལ་ནི་གཞན་དང་མི་འདྲ་བའི་རྩོམ་རྩལ་ཞིག་ཡིན་དགོས་དོན་ནི།  ཁོང་ལ་གཞན་ལས་ལྷག་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡོད་པས་རེད་ལ།  ཡང་ན་ཕྱོགས་གཞན་ཞིག་ནས་བཤད་ན།  འདི་ལྟར་ཡང་ཡིན་འདུག་སྟེ།   (ལྷའི་དྲིན་གྱིས་རྩོམ་པའི་ཐོག་མ་ལ་འཇུག་པ་ཉིད་ནས་ཡོངས་སུ་རྫོགས་པའི་བར་དུ་ནག་པོའི་རྩ་ལག་གིས་བར་ཆད་ཀྱི་རྣམ་པ་ཇི་སྙེད་པ་བརྩམས་པར་གྱུར་ཀྱང་ཀུན་ཏུ་རྫི་བར་མ་ནུས་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔྱོད་པས།  བླ་ན་མེད་པའི་མཛད་པ་ཆེན་པོ་གྲུབ་པ་ན།  ལྷག་པའི་ལྷ་ཚོགས་རྣམས་ལ་གཏང་རག་གི་མཆོད་པ་ཆེན་པོའི་སླད་དུ།  རྒྱུད་སྡེ་རིན་པོ་ཆེ་འགྱུར་རོ་འཚལ་གྱི་ལྷ་ཚོགས་རྒྱ་མཚོ་ཇི་སྙེད་པའི་བསྟོད་ཆེན་འདོད་པ་འཇོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དེ།  རྒྱུད་སྡེ་རིན་ཆེ་ལས་ཇི་སྐད་གསུངས་པའི་ལྷའི་གྲངས་མཚན་ཞལ་ཕྱག་ཐམས་ཅད་རབ་ཏུ་གསལ་བར་སྐྱེ་བ་ཐམས་ཅད་ཀྱིས་ངེས་པར་འགྱུར་བའི་གནས་མཆོག་ཏུ་ཡ་མཚན་ཆེན་པོ་ཡང་ཡུན་མི་རིང་བ་ཉིད་དུ་འགྲུབ་པར་མཛད་དེ།  ཚུལ་འདི་ཙམ་གྱིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་ཡིན་ནོ།། ---རྣམ་ཐར་ལས་དྲངས།)

ཆ། བསྟན་བཅོས་མང་པོ་ཞིག་རྩོམ་འཕྲོར་ལུས་སྐབས་བླ་མ་རྒྱལ་དཀོན་པས། བོ་དོང་ལ་བསྐུལ་མ་བྱས་པ། (བསྟན་བཅོས་ཆེན་པོའི་རྩོམ་པས་རབ་ངལ་པའི།  །  རང་གི་འཁོར་ན་བརྩེ་བས་རབ་སྐུལ་ཏེ།  །  དེ་ལས་ཟློག་དང་ཡང་ན་གྲུབ་པའི་རྟགས།  ། འདིར་ནི་རྩོལ་ཞེས་ཀུན་ཏུ་སྨྲ་བ་ན།  ། བུ་དག་མ་འཇིགས་འཇིག་རྟེན་ཀུན་གྱི་མིག ། དེ་ནི་བདག་གི་ལག་པའི་རྩེ་མོར་གནས།  ། གྲུབ་པའི་གཏན་ཚིགས་ཡང་དག་དེ་ཁོ་ན།  ། ཞེས་ནི་གསང་བ་ཟབ་མོ་ཞལ་ན་རྒྱུ།  ། ཞེས་བྱ་བ་ནི།  སྔ་མོའི་དུས་སུ་བླ་མ་རྒྱལ་དཀོན་པས་བདག་ཉིད་ཆེན་པོ་ལ་སྙེན་སྐུལ་ཏེ།  འུ་ཅག་གི་བསྟན་བཅོས་འདི་ནི་གྲུབ་པའི་དུས་ཞིག་མི་ཡོང་པ་འདྲ།  སྔར་ཡང་ཡུན་དེ་ཙ་མ་ཅིག་སོང་།  ད་དུང་གྲུབ་པའི་མཐའ་མི་འདུག་པས་འདི་མིས་བཞེངས་པ་ལྟ་ཅི་སྨོས།  ངེད་རང་གིས་བརྩམས་པའི་དཔེ་འདི་ཡང་ཀློག་མཁན་ཞིག་ཡང་མི་ཡོང་ངེས་ན།  འདི་ལྟ་བུའི་སྤྲོས་པས་ཅི་མཛད།  ཆོས་རྗེའི་ཐུགས་ལ་ཇི་ལྟར་དུ་ཤར་ན་མི་གཟིགས་པ་མིན་པ་སྐུ་གདུང་ནི་སྒྲེས་པོ་རང་དུ་སོང་འདུག་ད་ནི་ཐུགས་དམ་དངོས་མཛད་ན་ལེགས།  ཡང་གྲུབ་ཐོབ་ཀྱི་སྤྱོད་པ་བློར་ཤོང་བ་མ་ཡིན་པས།  དེ་ལྟར་ཡིན་ན་ཉིད་གྲུབ་རྟགས་ཤིག་སྟོན་རན་ཞེས་ཞུས་པ་ན།  རིན་པོ་ཆེའི་གསུང་གིས་དེ་ལྟར་དུ་མ་འཇིགས་དང་།  བསྟན་བཅོས་ཆེན་པོ་གྲུབ་པར་འགྱུར་གྱི་གདུལ་བྱའི་བསོད་ནམས་ཀྱི་བྱེ་བྲག་དང་སྦྱར་ནས་ཕྲིན་ལས་ཀྱང་ཆུང་བ་མ་ཡིན་ནོ།  གྲུབ་པའི་རྟགས་ཀྱང་བསྟན་བཅོས་ཆེན་པོ་འདི་ཁོ་ན་ཡིན་ནོ།  ། ཞེས་གསུངས་ཏེ།  གསུང་འདི་ནི་མཆོག་ཏུ་དཔྱད་གཞི་ཆེ་བའི་བླ་ན་མེད་པའི་རྣམ་པར་ཐར་བ་བསམ་པར་དཀའ་བ་ཡིན་ནོ།  ། ---རྣམ་ཐར་ལས་དྲངས།)

ཇ། བོ་དོང་གིས་རང་གི་ཡིག་མཁན་པ་དག་དང་ཡིག་རྩལ་འགྲན་པ། (གཞན་གྱིས་འབད་ཀྱང་སྒྲུབ་པར་མི་ནུས་པའི།  །  ཡི་གེའི་ཕུང་པོ་དཔག་ཡས་ཕྱག་གི་རྩེར།   །  བཀོད་ནས་སྐལ་བཟང་དད་པའི་བང་མཛོད་མཆོག  །  གང་བར་མཛད་ལ་ཁྱོད་ཉིད་སྐྱབས་སུ་གྱུར།  །  ཞེས་བྱ་བ་ནི།  དུས་གཅིག་གི་ཚེ་དབེན་གནས་ཆོས་སྡོངས་སུ་ཉིད་ཀྱི་རྩོམ་ཡིག་པ་དབོན་ཡིག་དཀོན་མཆོག་རྒྱལ་མཚན་ལ་བཀའ་གནང་ནས།  རང་རེ་ཡིག་མཁན་དཔོན་གཡོག་གཉིས་ཡི་གེ་སུ་མགྱོགས་བྱེད་པ་ཡིན་པས་ཁྱོད་རང་ཡང་ཤོག་བུའི་ལས་མང་བར་གྱིས།  ངས་ཀྱང་གླེགས་ཤིང་གད་བྱས་པ་མང་དུ་བསགས་ཡོད་གསུངས།  དེ་ནས་སང་དཔོན་ཡིག་དཀོན་རྒྱལ་གྱིས་ནམ་ལངས་ཏེ་ཡི་གེ་མཐོང་འཕྲལ་ནས་ས་སྲོས་ཀྱི་བར་ལ་བརྩོན་པར་བྲིས་པས་གདོང་འདོན་ཕྱེད་དང་བཅུ་དགུ་ཚར།  རྗེ་བཙུན་གྱི་ཞལ་སྔ་ནས་ཐུགས་དམ་ཉི་མ་ཤར་བ་ཕན་ལ་གྲོལ་བ་མཛད་ནས་ཕྱག་བྲིས་ཀྱི་དབུ་བཙུགས་ཏེ།  བར་སྐབས་སུ་གསོལ་མཛད།  དེ་ནས་དགོངས་མཆོད་ཀྱི་བར་དུ་ཐུགས་རྩོམ་དང་བསྟུན་ནས་བྲི་བར་མཛད་པ་བདེ་མཆོག་རིམ་ལྔའི་ཁྲིད་ཡིག་ཆེན་མོའི་གསང་བའི་རིམ་པའི་སྐབས་ནས།  གླེགས་ཤིང་མདའ་ཚད་བཅུ་བཞིའི་ལོགས་རེར་ཡིག་ཕྲེང་བཅྭོ་བརྒྱད་དང་བཅུ་དགུ་བྱས་པ་དང་། གདོང་འདོན་དྲུག་གི་ལོགས་རེ་ལ་ཡིག་ཕྲེང་བཅུ་གཅིག་དང་བཅུ་གཉིས་བྱས་པའི་ཉི་ཤུ་ཙམ་བྲུ་བར་བྱས་ཏེ། དེ་ཉིད་རྗེས་སུ་རྩིས་བཏང་པས་བརྒྱད་ཕྲེང་ཡོད་པའི་གདོང་འདོན་སུམ་ཅུ་སོ་ཕྱེད་དང་དྲུག་བྱུང་སྟེ།  དེའི་དགོངས་མོ་རང་རེ་གཉིས་འགྲན་པ་ཡིན།  གང་བྲིས་རྣམས་ཁྱེར་ལ་ཤོག་གསུངས། དཔོན་ཡིག་གིས་དེ་ལྟར་དུ་ཕུལ་ནས་གཟིགས་པས།  ཡིག་མཁན་ཆེན་མོ་ཅུང་མི་དོ་བ་འདུག་སྟེ།  འོན་ཀྱང་མགྱོགས་པོ་རང་ཡིན་གསུང་བཞད་པ་དང་བཅས་པས་མཉེས་པར་སྣང་ངོ་།  ། ---རྣམ་ཐར་ལས་དྲངས།)

ཉ། བོ་དོང་གི་རྩོམ་གྱི་བྱ་བའི་བར་ཆད་ནི། (སྐབས་ཤིག་གི་ཚེ་ལ་སྟོད་ལྷོའི་སའི་ཆ་ས་སྐྱ་ཞེས་བྱ་བའི་དགོན་པར་མགུལ་ཆམ་བྱུང་ནས་ཤིན་ཏུ་སྙེལ་ཏེ།  བསྟན་བཅོས་ཆེན་པོ་རྩོམ་པའི་ངལ་གསོ་བ་ལ་མངོན་པར་ཕྱོགས་པ་དང་།  ཉིན་ཞིག་གི་དུས་སུ་བདག་ཉིད་ཆེན་པོ་གཟིམས་ཁང་གི་ཁང་ཐོག་ཏུ་བྱོན་ནས་ནམ་མཁའ་ལ་གཟིགས་ཏེ།  གུས་པའི་ཚུལ་མང་དུ་མཛད་ཅིང་སྤྱན་ཆབ་མང་དུ་གཡོས།  ། མྱུར་དུ་མཆོད་པ་བཟང་པོ་ཤོམས་གསུངས་ཏེ།  ། དེ་ལྟར་དུ་བགྱིས་པ་ནམ་མཁའ་ཐམས་ཅད་རྣམ་པར་བཀྲ་བའི་འཇའ་འོད་ཀྱིས་གང་བར་གྱུར་ཞིང་།  ཁ་བ་ལྟར་ཤིན་ཏུ་དཀར་བའི་མདོག་ཅན་གྱི་མེ་ཏོག་གི་ཆར་ཆེན་པོ་དང་།  སྤྲིན་མེད་ཀྱང་ཆར་ཟིམ་བུ་ལྟ་བུ་ཤིན་དུ་ཕྲ་བ་ཞིག་བབས་པ་ན།  རིན་པོ་ཆེ་བླ་འཁོར་བ་ཞབས་དྲུང་ན་བཞུགས་པས་ཕྱག་ཟེད་པའི་ཚེ།  རིན་པོ་ཆེ་ཉིད་ཀྱི་གསུང་གིས།  དེ་མྱང་བར་གྱིས་དང་གསུངས།  དེ་བཞིན་དུ་མཛད་པས།  སྔར་ལྗགས་ཐོག་ཏུ་མ་མྱོང་བའི་རོ་ཤིན་དུ་ཞིམ་པ་ཞིག་བྱུང་ནས་དེ་ལྟར་ཞུས་པས།  འདི་ནི་ལྷའི་བདུད་རྩི་ཡིན་པ་སྙམ་བྱེད་དོ་གསུངས་ཤིང་།  དེའི་ཚེ་ན་བདག་ཉིད་ཆེན་པོ་ཉིད་ཀྱིས།  བཅོམ་ལྡན་འདས་རྗེ་བཙུན་མ་ཕམ་པ་ལྷའི་བུའི་འཁོར་གྲངས་མེད་པ་དང་བཅས་པ་མངོན་སུམ་དུ་གཟིགས་ཏེ།  དེ་མ་ཐག་ཏུ་སྙུང་བ་ཡང་ལེགས་པར་དྭངས་ཤིང་།  སངས་རྒྱས་དང་བྱང་ཆུབ་སེམས་པ་ཐམས་ཅད་ཀྱིས་བདག་ཉིད་ཆེན་པོ་དེ་ཉིད་ལ་བླ་ན་མེད་པའི་རིམ་གྲོ་རྒྱ་ཆེར་མཛད་པ་ཡིན་ནོ།  ། ---རྣམ་ཐར་ལས་དྲངས།)

ཏ། བོ་དོང་གི་གསུང་དཔར་དུ་བསྐྲུན་པའི་སྐོར། (རྗེ་གྲུབ་ཐོབ་ཆེན་པོ་ཉིད་ཀྱི་ཕྱག་དཔེ་རྩ་བར་གྱུར་པ་ཉིད་དང་།  བོ་དོང་ཚོགས་པས་ཡོངས་སུ་རྫོགས་པར་བཞེངས་པ་གཅིག་དང་།  འདིར་ཡོངས་སུ་རྫོགས་པར་བཞེངས་པ་གཅིག རིན་སྤུངས་སུ་དྲུང་ཆེན་ནོར་བུ་བཟང་པོ་སྐུ་མཆེད་ཀྱིས་སྦྱིན་བདག་མཛད་ནས་ཡོངས་སུ་རྫོགས་པར་བཞེངས་པ་གཅིག ཏའི་སི་ཏུ་ལྷ་བཙན་སྐྱབས་ཀྱིས་སྦྱིན་བདག་མཛད་དེ་ཡོངས་སུ་རྫོགས་པར་བཞེངས་པ་གཅིག  ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་གྲགས་པའི་ཞལ་སྔ་ནས་སྦྱིན་བདག་འཛད་ནས་ཡོངས་སུ་རྫོགས་པར་བཞེངས་པ་གཅིག  ཆོས་ཀྱི་དབང་ཕྱུག་དཔལ་བཀའ་དྲུག་པའི་ཞལ་སྔ་ནས་སྦྱིན་བདག་མཛད་དེ་ཡོངས་སུ་རྫོགས་པར་བཞེངས་པ་གཅིག་སྟེ།  དེང་གི་བར་ལ་རྒྱས་པ་ཚར་བདུན།  རྒྱལ་མཁར་རྩེ་ནས་སི་ཏུ་རབ་བརྟན་པས་སྦྱིན་བདག་མཛད་པའི་འབྲིང་པོ་ཕྱེད་ཙམ་དང་།  ཤངས་རྣམ་རྒྱལ་གླིང་པས་འབྲིང་པོ་ཕྱེད་ཙམ།  ཤངས་པ་དཔོན་བསོད་རྒྱལ་གྱིས་འབྲིང་པོ་ཕྱེ་ཙམ།  སྡེ་སྣོད་གསུམ་པ་ཆེན་པོ་དཔལ་ལྡན་སངས་རྒྱས་ཀྱིས་སྦྱིན་བདག་མཛད་པའི་འབྲིང་པོ་ཡོངས་སུ་རྫོགས་པ་གཅིག་རྣམས་དང་།  ཤེལ་དཀར་ཆོས་སྡེས་སྦྱིན་བདག་མཛད་པའི་རྒྱུད་སྡེ་རིན་པོ་ཆེ་སྤྱིའི་རྣམ་པར་བཞག་པ།  མངའ་རིས་ཆོས་སྡེ་ནས་སྦྱིན་བདག་མཛད་པའི་ཁྲིད་ཡིག་སྦས་དོན་གསལ་བ་།  ཟུར་ཚོ་བས་སྦྱིན་བདག་མཛད་པའི་དཔལ་དེ་ཉིད་འདུས་པའི་སྙིང་པོ།  སླར་འདིར་བཞེངས་པའི་དཔལ་དེ་ཉིད་འདུས་པའི་སྙིང་པོ་རྣམས་སྤར་གྲུབ་པ་དང་། གཞན་ཡང་དིང་སང་གྲགས་ཆེ་བའི་གསུང་རབ་སོ་སོ་སྤར་དང་།  བྲིས་པ་སོགས་དིང་སང་ཕན་ལ་དབུས་གཙང་མངའ་རིས་ན་བཞུགས་པ་རྣམས་ལ་སྤར་གྱིས་འཕེལ་པ་མ་ཡིན་པའི་གླེགས་བམ་གྱི་བཞུགས་ཚོད་ཙམ་བགྱིས་ན།  ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་བཀའ་འབུམ་ཚར་ལྔ་ཙམ་གྱི་བོངས་སུ་སྣང་ལ་---རྣམ་ཐར་ལས་དྲངས།)

ཐ། བོ་དོང་གིས་སྐུ་ཚེ་གཅིག་གི་རྩོམ་གྱི་བྱ་བའི་མཇུག་བསྡུས་པ། (ཆོས་ཀྱི་ཕུང་པོ་ཡོངས་རྫོགས་པའི།། བསྟན་བཅོས་ཆེན་པོ་གང་བར་གྱིས།། ཁྱོད་ཀྱི་ཞིང་ཁམས་གཞན་ན་ཞེས།། ནམ་མཁའ་ལས་ནི་སྒྲོག་པར་ཐོས།།ཞེས་བྱ་བ་ནི་།  དེ་ནས་ལུག་ལོ་ཤར་མ་ཐག་པའི་དུས་ཤིག་གི་ཚེ།  ཐམས་ཅད་མཁྱེན་པའི་ཞལ་ལས་འདི་སྐད་དུ་ཐོས་ཏེ།  རྒྱལ་བའི་རྣམ་འཕྲུལ་འདྲ་བའི་གསུང་གིས་རྩོམ་པའི་འཇུག་ཡོངས་སུ་གང་བ་ལ་རྩོན་པར་གྱིས་ཤིག  ཁྱེད་ཀྱི་ཞིང་ཁམས་དང་འཕྲིན་ལས་གཞན་ན་རྒྱ་ཆེ་བ་ཡིན་ཞེས་སྐུལ་བ་ལ་བརྟེན་ནས།  རྩོམ་ཡིག་པ་སུམ་ཅུ་ཙམ་གྱིས་བྲི་བར་གནང་སྟེ་དཔལ་དེ་ཉིད་འདུས་པ་ཡོངས་སུ་རྫོགས་པར་མཛད་ཅིང་།  དེའི་ཚེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་ནས།  ཡི་གེ་པ་ཡི་གེའི་སྒྱུ་རྩལ་ཞན་པ་དག་གིས་ཉི་མ་རེ་ལ་ཤོག་བུ་ཁ་གྲངས་སུམ་ཅུ་མ་བྲིས་ཚར་བར་གྱུར་ཅིང་རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ།  དེ་ཉིད་སྙིང་པོ།  སྦས་དོན་གསལ་བ་རྣམས་ཀྱི་ཞུས་དག  མཆན་བུ་རྣམས་ཞིབ་པར་མཛད།  དཔལ་འདུས་བ་ཡོངས་སུ་རྫོགས་པ་ལ་ཡང་ཞུས་དག་རགས་པར་གནང་ནས་གླེགས་བམ་རྒྱ་མཚོ་གུར་གུམ་དང་ཚོས་ཀྱིས་རྣམ་པར་ཕྱེ་ཞིང་།   མཆན་བུ་འདེབས་དགོས་པ་རྣམས་ཞིབ་ཏུ་བཏབ་ནས་གླེགས་བམ་རྣམས་རང་རང་དུ་བསྒྲིགས་ཤིང་བསྟན་བཅོས་ཆེན་པོའི་མཇུག་སྡུད་པ་མཛད་ནས་དགོངས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་ཡིན་ནོ།། ---རྣམ་ཐར་ལས་དྲངས།)ཞེས་དང་། (དཔལ་གཏག་པ་གཉིས་པའི་རྣམ་བཤད་ཆེན་མོར་མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དཔའ་བོ་དང་མཁའ་འགྲོ་མཐའ་ཡས་པས་བྱིན་གྱིས་བརླབས་པ་ཁོ་ན་ལས།  རྡོ་རྗེ་ཐེག་པའི་སློབ་དཔོན་འཇིགས་མེད་གྲགས་པ་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་དུ་སོན་པ་ཁོ་བོས་རྟོགས་པ་ཡིན་ནོ་ཞེས་འབྱུང་ངོ་།། ---རྣམ་ཐར་ལས་དྲངས།)


ད། བོ་དོང་གིས་སྐུ་ཚེ་གང་ལ་རྩོམ་གནང་མཛད་པའི་ཚད། (འཕགས་པའི་ཡུལ་ནས་མངོན་པར་འོངས་གྱུར་པའི།།  གླང་ཆེན་བདུན་གྱིས་ཁུར་བའི་གླེགས་བམ་ཚོགས།།  སྣ་ཚོགས་རྒྱ་དཔེའི་རི་མོར་རབ་བཀྲ་བ།།  ལུང་དང་བཤད་པའི་དགའ་སྟོན་རབ་ཏུ་བསྩལ།།)ཞེས་དང་།  (གཞན་ཡང་ཉིད་ཀྱི་རིན་ཆེན་སྙུག་གུའི་རྩེས།།  མ་བྲིས་མདོ་རྒྱུད་བསྟན་བཅོས་གང་ཞིག་ཡོད།།  དེ་ཕྱིར་ཁྱོད་ཀྱི་རྩོམ་པ་གཅིག་པུས་ཀྱང་།།  ཐུབ་བསྟན་དཀར་པོ་ཉིད་དུ་རབ་ཏུ་མཛད།། ---རྣམ་ཐར་ལས་དྲངས།)

ན། བོ་དོང་གི་རྩོམ་གྱི་བྱ་བའི་མཛད་པ་དང་མཛད་པ་གཞན་དག་ནི། (མཚན་མ་ཡིད་ལ་བྱེད་པ་གང་ཡང་མི་གཟིགས་པར་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་གདམས་པ་དང་རྗེས་སུ་གདམས་པའི་གསུང་གི་རྗེས་སུ་འབྲངས་ཏེ།   བརྩོན་འགྲུས་ཆེན་པོའི་རྩེ་མོར་འཛེགས་པས་རྒྱལ་བ་མཆོག་དང་དེའི་སྲས་ཀྱི་སྐུ་དང་ཕོ་བྲང་ཆེན་པོ་འབུར་དུ་དོད་པ་དང་། རི་མོར་བྱས་པའི་བཀོད་པ་མཛད་པ་ལ་བསམས་ནས། སྐུ་ཚེ་ཧྲིལ་བོར་དེ་ཁོ་ན་མཛད་པ་ལྟ་བུ། བཀའ་བསྟན་བཅོས་འགྱུར་རོ་འཚལ་གྱི་ཟབ་རྒྱས་ཀྱི་བཀའི་གནས་རྣམས་ཀྱི་འགྱུར་བཅོས་པ་ལ་བལྟས་ན་སྐུ་ཚེ་ཧྲིལ་པོར་འགྱུར་ཁོ་ན་མཛད་པ་ལྟ་བུ། ཐ་སྙད་ཀྱི་གཙུག་ལག་རྒྱ་མཚོ་འཆད་རྩོམ་གྱིས་གཏན་ལ་ཕབ་ཏེ་ཕྱོགས་དེ་ཉིད་གཅིག་པུའི་མཛད་པ་ལ་བལྟས་ན། སྐུ་ཚེ་ཧྲིལ་པོ་གནས་འདི་ཁོ་ན་ལྷུར་མཛད་པ་ལྟ་བུ།   ལྷག་པའི་ལྷ་རབ་འབྱམས་ལ་བསྟོད་པ། བསྟན་པ་འཛིན་པའི་མཁས་གྲུབ་ཆེན་པོ་རྣམས་ལ་བསྟོད་པ་དང་།   རྒྱ་བོད་ཀྱི་གནས་ཁྱད་པར་ཅན་རྣམས་ཀྱི་བསྟོད་པ་དང་། རྒྱལ་པོ་སོ་སོ་ལ་བསྔགས་ཤིང་ཤིས་པ་བརྗོད་པ་དང་།   རང་གིས་བཀུར་བར་འོས་པའི་དམ་པ་རྣམས་དང་། བཤེས་གཉེན་ཆེན་པོ་རྣམས་ལ་ཞུ་འཕྲིན་དུ་མཛད་པ་དང་།  ཡུལ་སོ་སོའི་དགེ་བའི་བཤེས་གཉེན་རྣམས་དང་།   རྒྱལ་པོ་དང་། བློན་པོ་དང་། དམངས་ཕལ་པ་རྣམས་ལ་འཕྲིན་དུ་གནང་པ་དང་། བྲིས་ལན་དང་གདམས་པ་མཛད་པ་ལ་བལྟས་ན།   སྐུ་ཚེ་ཧྲིལ་པོར་དེ་རྣམས་སོ་སོ་ཁོ་ན་མཛད་པ་ལྟ་བུ། བཅོམ་ལྡན་འདས་ཀྱི་སྐྱེས་རབས་དང་། གཞན་གྱི་རྟོགས་པ་བརྗོད་པ་དང་།   སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་བ་དང་། ཆོས་ལ་སྐུལ་བའི་གཏམ་དང་། ངེས་པར་འབྱུང་བའི་ཚིག་གི་དོན་སྟོན་པའི་སྙན་ངག་དང་ཟློས་གར་དང་།   དེ་དང་དེའི་བསྟན་བཅོས་ཕྲན་མཛད་པ་ལ་བལྟས་ན། སྐུ་ཚེ་ཧྲིལ་པོར་དེ་ཁོ་ན་མཛད་པ་ལྟ་བུ།   དཔལ་ལྡན་བླ་མ་དམ་པ་རྣམས་ལས་ཕྱི་ནང་གི་གདམས་པ་དང་།  རྗེས་སུ་གསན་པའི་སྙིམ་པར་གསོལ་བ་ལ་བལྟས་ན།   སྐུ་ཚེ་ཧྲིལ་པོར་མང་དུ་ཐོས་པ་ཁོ་ན་བཙལ་བ་ལྟ་བུ།  མདོ་རྒྱུད་རབ་འབྱམས་ཀྱི་གླེགས་བམ་མཐའ་དག་སྤྱན་ཟུར་ལྷུང་བ་ཙམ་གྱིས་ཚིག་དོན་བདེ་བླག་ཏུ་ཆུད་པར་མཛད་པ་ལ་བལྟས་ན།  སྐུ་ཚེ་ཧྲིལ་བོར་ཚུལ་འདི་ཁོ་ན་མཛད་པ་ལྟ་བུ། རྒྱུད་སྡེ་རབ་འབྱམས་གྱི་ལྷག་པའི་ལྷ་ཞལ་གཟིགས་པ་ལ་བལྟས་ན།  སྐུ་ཚེ་ཧྲིལ་པོར་དེ་དང་དེའི་སྙེན་པ་དང་སྒྲུབ་པ་ལ་ཆིག་ཧྲིལ་དུ་མཛད་པ་ལྟ་བུ། དཔལ་དེ་ཁོ་ན་ཉིད་འདུས་པ་ཐོས་པ་དང་སྒོམ་པ་དང་འཆད་པ་དང་རྩོམ་པ་དང་རྩོད་པ་དང་ཚུལ་བཞིན་དུ་ཉམས་སུ་བཞེས་ཀུན་ཏུ་གྲུབ་པར་མཛད་པའི་མཛད་པ་ཕྲ་རགས་སོ་སོ་ལ་བལྟས་ན།   དེ་ཁོ་ན་རེ་རེར་ཡང་སྐུ་ཚེ་ཧྲིལ་པོར་མཛད་པ་ལྟ་བུ་སྟེ། དེ་ལྟར་ན་བརྩོན་འགྲུས་ཆེན་པོ་དེ་དག་ཀྱང་བསམ་སྦྱོར་ཕུན་སུམ་ཚོགས་བའི་སྒོ་ནས་བདེན་པ་གཉིས་ལས་མི་འདའ་བའི་བརྩོན་འགྲུས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཡིན་ནོ།།  ---རྣམ་ཐར་ལས་དྲངས།)

པ། བོ་དོང་གིས་སློབ་མ་བསྐྱངས་པའི་མཛད་པ་ནི། (བཟོ་རིག་ནས་བཟུང་ཡོངས་སུ་རྫོགས་པའི་བར།  དེ་དང་དེ་ཡི་བཀའ་བབས་ཉི་ཤུ་གསུམ།།  འཇམ་པའི་རྡོ་རྗེ་མིའི་ཟློས་གར་མཁན། ། རྣམ་དག་འཁོན་གྱི་གདུང་རྒྱུད་རྣམ་པ་གསུམ།།  རིགས་སྔགས་འཆང་བའི་ཁྱུ་མཆོག་ཆེན་པོ་ཞིག།  ཉི་མ་ཟླ་བ་ལྟར་གྲགས་མཁས་གྲུབ་གཉིས།།  འཇིག་རྟེན་གསུམ་གྱི་མིག་གཅིག་ལོ་ཆེན་གསུམ།།  ཕྱོགས་ལས་རྣམ་པར་རྒྱལ་བའི་བཤེས་གཉེན་དྲུག།  མདོ་སྔགས་ཡོངས་རྫོགས་མཁས་པ་བཅུ་གསུམ་དང་།།   པཎ་ཆེན་ཤཱཀྱ་ཤྲཱིའི་གདན་ས་གཉིས། །   འདུས་པ་རྒྱ་མཚོའི་གཙུག་རྒྱན་བཅུ་དྲུག་དང་།། མཚན་ཉིད་རབ་འབྱམས་སྨྲ་བའི་བཤེས་གཉེན་བཞི།།  སྔགས་གཞུང་རབ་འབྱམས་སྨྲ་བའི་མཁས་པ་གཉིས།།  སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་བཞི།།  དྲག་པོའི་བརྟུལ་ཞུགས་རྫོགས་པའི་སྔགས་འཆང་གཉིས།།  བཀའ་བཅུ་ལེགས་པར་སྨྲ་བ་སྟོང་ཕྲག་གཅིག །  བཀའ་བཞི་ཀུན་ཏུ་སྨྲ་བ་སྟོང་ཕྲག་ཟུང་།།  ཕར་ཚད་ཤེས་པའི་སློབ་མ་ཁྲི་ཕྲགབརྒལ།།   ཚེ་འདི་བློས་བཏང་སྒྲུབ་ཆེན་ལྔ་བཅུར་ལྡན།།  ལྷག་པར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ།།  རྡོ་རྗེ་ཕག་མོ་གསང་བའི་མཛོད་འཛིན་མ། །  ས་ལ་དགེ་སློང་མ་ཡིས་རབ་གྲགས་པ།།  སྤྲུལ་པའི་གར་གྱིས་ག་བ་འཛིན་པར་མཛད།། ---རྣམ་ཐར་ལས་དྲངས།)

ཕ།  བོ་དོང་སྐུ་མྱ་ངན་ལས་འདའ་ཁར་ཞལ་འདོན་གནང་བའི་ཚིག་བཅད་གཅིག་ནི། (དེ་ནས་མྱ་ངན་ལ་མྱུར་དུ་འདའ་བར་ཉེ་བ་ན།  ཉིན་གཅིག་གཟིམས་ཆུད་དཔལ་འཛོམས་དུ་གཟིམས་མལ་ལ་བརྟེན་པའི་ངང་ནས། ། སྐུ་ཤེད་མེད་ཀྱང་སྐུ་ལུས་ཀྱི་གར་གྱི་རྣམ་འགྱུར་ཆེས་ཁྱད་པར་བྱས་པ་དུ་མ་མཛད་ཅིང་།  ཞལ་ལས།  གཅིག་གི་དང་པོར་དགུ་དབུས་ན།། གང་ཞིག་བཅུ་ཡིས་མ་བཅིངས་པ།  ། དེ་ནི་བཅིངས་མེད་ཞེས་བྱ་སྟེ།། དེ་མཁྱེན་པས་ནི་མཆོག་མཁྱེན་ནོ།། ཞེས་གདངས་དང་བཅས་ནས་ཡང་དང་ཡང་དུ་བསྐྱར་ཀྱིན་གསུངས་སོ།  ། ---རྣམ་ཐར་ལས་དྲངས།)

བ། བོ་དོང་སྤྲུལ་སྐུ་ཞིག་ཡིན་པའི་ལྟ་ཚུལ། (འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་སྐུ་སྐྱེ་ཡིན་ཞེས་ངེས་པར་གསུང་ལ། དྭགས་པོ་བཀའ་བརྒྱུད་པ་མང་དག་གི་ཞལ་ལས་སྒྲོགས་པ་ལ་ནི།  མཉམ་མེད་ཡང་དགོན་པ་ཆེན་པོ་ལ་མཆོག་ཏུ་མོས་པར་མཛད་པ་སོགས་དུ་མའི་སྒོ་ནས་སྤྱན་སྔ་རིན་ཆེན་ལྡན་གྱི་སྐུའི་སྐྱེ་བ་ཉིད་དོ་ཞེས་བོད་པར་ཡང་བྱེད་ལ། ---རྣམ་ཐར་ལས་དྲངས།)

མ།  བོ་དོང་གི་རྣམ་ཐར་བརྩམས་པའི་དགོས་པ་དང་བརྒྱུད་རིམ། ཡང་ན་དུས་ཚོད་སོགས་ནི། (རྒྱལ་བའི་གཞུང་ལུགས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་མཁས་ཤིང་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཕྱོགས་ལས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྟོགས་པ་བརྗོད་པ་ཆ་ཤས་ཙམ་རབ་ཏུ་གསལ་བ་འདི་ནི།  རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་ལས་སྐྱེས་པ།  སྡོམ་བརྩོན་ཐེག་པ་མཆོག་གི་རྣལ་འབྱོར་བ་བློ་གྲོས་རྣམ་པར་རྒྱལ་བའི་ཞལ་སྔ་ནས།  རྣམ་ཐར་པ་ངག་དབང་མ་གཞིར་བྱས་ཏེ།  དེར་མ་ཆུད་པའི་ཕུད་དུ་བྱུང་བའི་གཏམ་རྣམས་ཕྱོགས་གཅིག་ཏུ་བཀོད་པའི་ཚིག་གི་ཕྲེང་བ་བརྒྱུས་ཤིག  ངའི་བཀའ་གནང་བ་དང་།  ཕྱིས་བདག་ཉིད་ཆེན་པོའི་སྲས་ཀྱི་ཐུ་བོ་པ་རིགས་སྔགས་འཆང་གི་གཞུང་ལུགས་བརྒྱ་ཕྲག་མང་པོས་མགྲིན་པ་རྣམ་པར་གང་ཞིང་།  གཅིག་ཏུ་ཟབ་མོའི་རྣལ་འབྱོར་ལ་མཆོག་ཏུ་སྤོབས་པ་ཐོབ་པ་དཔལ་སྟག་ལུང་ཐང་པ་ཆེན་པོ།  ངག་དབང་གྲགས་པའི་ཞལ་སྔ་ནས།  རྗེ་བཙུན་གྱི་རྣམ་པར་ཐར་པ་ཇི་སྙེད་པ་ཁུངས་ཐུབ་པ་རྣམས་གླེགས་བམ་དུ་གྱིས་ཤིག ཅེས་བཀའ་གནང་བ་སྤྱི་བོར་བླངས་ཤིང་།  དཔལ་གྲུབ་རིག་འཛིན་པ་ཆེན་པོ་སྒོ་གསུམ་གྱིས་དགེས་པ་སྐྱེད་པའི་སྒྲུབ་པ་མཆོག་ལ་བརྩོན་པ་གསོལ་དཔོན་བློ་དང་ལྡན་པས་ཀྱང་འདི་ལྟར་དུ་གྱིས་ཤིག་ཅེས་སྐུལ་བ་དང་།  མཆོག་ཏུ་རང་ཉིད་བྲི་བར་ཀུན་ཏུ་འདུན་པའི་མོད་ལ་བདག་ཉིད་ཆེན་པོ་འཇམ་དཔལ་གྲགས་པའི་ཞལ་སྔ་ནས་རྨི་ལམ་དུ།  བཀའ་གནང་བ་ཐོབ་ནས།  རྣམ་ཐར་ངག་དབང་པ་གཞིར་བྱས་ཏེ།  དེར་མ་འདུས་པ་རྣམས་བདག་ཉིད་ཆེན་པོའི་སྐུ་ཚེའི་སྟོད་སྨད་ལ་ཞབས་དྲུང་དུ་རྟག་པར་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་ཐོབ་པ་དང་།  རིན་པོ་ཆེ་ཉིད་ཀྱི་གསུང་རབ་རྒྱ་མཚོར་ཡོངས་སུ་གསུངས་པ་དང་།  ལྷག་པར་བདག་ཉིད་ཆེན་པོའི་རྩོམ་ཡིག་པ་མོས་དགེའི་སྐལ་བ་དམ་པས་བླ་མ་མཆོད་པ་ལ་དཔའ་བ་དབོན་ཡིག་དཀོན་མཆོག་རྒྱལ་མཚན་གྱིས་ཟིན་བྲིས་བྱས་པ་རྣམས་ཀྱིས་དོན་གྱི་ཁོག་ཕུབ་ཅིང་།  ཚིག་རི་མོར་བགྱིད་པ་ལ་སྙུ་གུའི་བརྟུལ་ཞུགས་གཟུང་ནས་བྲི་བར་སྤོབས་པ།  དཔལ་ཐམས་ཅད་མཁྱེན་པའི་ཞབས་རྡུལ་ལ་སྦྱི་བོས་རེག་པ།  ཤཱཀྱའི་དགེ་བསྙེན་འཇིགས་མེད་འབངས(ངོ་མཚར་བའི་རྣམ་ཐར་འདི་མཛད་པའི་མིང་གཞན།  དཔལ་ལྡན་ས་སྐྱ་པའི་དཔོན་ཆེན་ཨག་ལེན་སྤྱི་གདུགས་རྒྱུད་དྲི་མ་མེད་པ་དང་།  ཡར་འབྲོག་པ་ནམ་མཁའ་བཟང་པོ་ཞེས་བྱ་བ།  རྗེ་བཅུན་རིན་པོ་ཆེ་དེ་ཉིད་ལ་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱི་སྤྱན་དང་ལྡན་ཞིང་བློ་གྲོས་རྣམ་དཔྱོད་ནམ་མཁའ་ལྟར་ཡངས་པ་དེ་ཉིད་དོ།  ། དབུ་མེད་ཀྱི་ཡིག་ཆུང་གིས་བྲིས་པའི་མཆན།)ཀྱིས་རྗེ་གྲུབ་པའི་དབང་ཕྱུག་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ལོ་གསུམ་པ།  རྒྱ་ནག་པོའི་ཆུ་མོ་བྱ།  འཕགས་ཡུལ་པའི་དཔལ་གདོང་གི་ལོ།  རྒྱ་ནག་གི་སྟོན་ཟླ་ར་བ།  དུས་འཁོར་བའི་དབྱར་ཟླ་ཐ་ཆུང་།  ཡང་ངོའི་རྒྱལ་བ་དང་པོ་ལ།  སྐར་མ་རྒྱལ་དང་གཟའ་ཕུར་བུ་འཛོམས་པའི་འགྲུབ་སྦྱོར་གྱི་ཉིན།  གནོད་སྦྱིན་གང་བ་བཟང་པོའི་ཕོ་བྲང་ཀེེ་ལ་ཤའི་རི་བོ་ཆེན་པོའི་ཤར་ཕྱོགས།  སློབ་དཔོན་ཆེན་པོ་པདྨ་ཨ་ཀ་རའི་བསྟན་སྲུང་ཆེན་མོ་མཚོ་སྨན་རྒྱལ་མོའི་བསྟི་གནས།  གཡུ་མཚོ་ཕྱུག་མོའི་འགྲམ།  ཕྱོགས་ལས་རྣམ་པར་རྒྱལ་པའི་དགེ་གནས།  སྣ་དཀར་རྩེའི་ཁང་བཟང་དུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་བུད་ངྷ་ངྷ་ཚའོ།། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་།  སེམས་ཅན་ཐམས་ཅད་མྱུར་དུ་སངས་རྒྱས་ཐོབ་པར་གྱུར་ཅིག །    ---རྣམ་ཐར་ལས་དྲངས།)





上一篇:སྐུ་འབུམ་བྱམས་པ་གླིང་དུ་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱ་རྒྱུ་རེད།

下一篇:བོད་ལྗོངས་ཀྱི་དགེ་འདུན་ཚོས༢༠༡༨ལོའི་དབྱར་དུས་ཀྱི་དགེ་བཤེས་རྒྱུགས་སྤྲོད་ཀྱི་གྲ་སྒྲིག་བྱེད་འགོ་ཚུགས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1873677 位访客