རྡོ་རིང་པཎྜི་ཏའི་རྣམ་ཐར།

发布时间:2017-07-19 02:29:14

《རྡོ་རིང་པཎྜི་ཏའི་རྣམ་ཐར》གྱི་མིང་ཆ་ཚང་ལ《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》ཞེས་བྱ། དེ་ཡང་རྩོམ་པ་པོ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་རང་གི་ཕ་གུང་པཎྜི་ཏ་དང་རང་ཉིད་ཀྱི་འཚོ་བའི་བརྒྱུད་རིམ་གཙོ་བོར་བྲིས་པའི་རང་རྣམ་ཞིག་ཡིན།

རྩོམ་པ་པོ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་མཚན་དངོས་ལ་བསོད་ནམས་བསྟན་འཛིན་དཔལ་འབྱོར་རྡོ་རྗེ(1760-?)ཟེར།  ཁོང་ནི་བཀའ་བློན་ཁང་ཆེན་པའི་ཡང་ཚ་རེད། རྡོ་རིང་ཞེས་པ་ནི་ཁོང་གི་ཁྱིམ་རྒྱུད་ཀྱི་ལྷ་སའི་སྡོད་ཤག་གི་མིང་དང་། དགའ་བཞི་ཞེས་པ་ནི་གཙང་ཁུལ་དུ་ཡོད་པའི་ཁོང་ཚང་གི་གཞིས་ཀའི་མིང་ཡིན་པས། ཁོང་ཚང་གི་ཁྱིམ་རྒྱུད་ལ་དགའ་བཞི་བའི་ཁྱིམ་རྒྱུད་ཅེས་ཟེར།

བསྟན་འཛིན་དཔལ་འབྱོར་གྱིས་དགུང་ལོ་ཕྲ་དུས་ནས་བཟུང་སེར་བྱེས་དགེ་བཤེས་སྦ་རི་དང་། ཐོགས་མེད། སྨིན་གྲོལ་གླིང་གི་བླ་མ་ཆོས་རྫོང་པ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ《སྙན་ངག་མེ་ལོང》དང་སྐར་རྩིས་རིག་པའི་གནས་ལྔ་ལ་སྦྱངས་ཤིང་། སོག་པོ་དང་། རྒྱ་གར། བལ་བོ། ཨ་རབ་སོགས་ཀྱི་ཡི་གེ་ཡང་སྦྱངས་མྱོང་། སོག་སྐད་ལ་ཐོགས་པ་མེད། གཞན་རྒྱ་ཡུལ་དུ་དར་ཆེ་བའི་ཡན་ཆིང་སོགས་རོ་ཆའི་གཏོང་ལུགས་སློབ་སྦྱོང་གནང་སྟེ་བོད་རིགས་མི་དམངས་ཉན་པར་སྤྲོ་བའི་སྒྲ་སྙན་དང་། འཕྲེད་གླིང་། ཡན་ཆིང་སོགས་མཉམ་གཏོང་བྱེད་སྲོལ་གྱི་ལག་ཁྲིད་ཀྱང་ཐོག་མ་ཁོང་ཉིད་ཀྱིས་མཛད་པ་ལགས་སོ།། རྩོམ་རིག་འབྲི་རྩོམ་གྱི་ཐད་ནས་ཁོང་སྙན་ངག་རྩོམ་པ་ལ་ཧ་ཅང་མཁས། མི་ཚེ་གང་བོར་སྙན་ངག་བརྒྱ་རུ་ཉེ་བ་བརྩམས་ཡོད་པ་དེ་དག་བསྡོམས་ན་ཤོ་ལོ་ཀ1600ལྷག་ཡོད། 1793ལོའི་ལོ་སར་གྱི་སྐབས་སུ་པེ་ཅིན་དུ་བྲིས་པའི《བདེ་སྡུག་རོ་སྙོམས་ཀྱི་མགུར་དབྱངས》ཞེས་པའི་སྙན་རྩོམ་དེ་དགའ་ལྡན་བྱིན་ཆགས་གླིང་གི་བླ་མ་ཆེན་པོ་ཛ་སག་སྟོང་འཁོར་ཧོ་ཐོག་ཐུ་ཡིས་རྒྱ་དང་། མཉྫུ་དང་། སོག་པོ་བཅས་ཀྱི་ཡི་གེར་བསྒྱུར།

ཁོང་ལ་བརྩམས་ཆོས་གཞན་པའང་འགའ་རེ་ཞིག་མཆིས་ཏེ། 1776ལོ་སྟེ་ཁོང་ཉིད་དགུང་ལོ་བཅུ་དྲུག་ཐོག  སྤོ་བོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་སྒྲུང་རིང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལ་དཔེ་བྱས་ཏེ《རྒྱལ་བུ་གྲགས་པའི་མུ་ཁྱུད་ཀྱི་བསྟན་བཅོས》ཞེས་པ་བརྩམས། 1779ལོར《གེ་སར་གྱི་སྒྲུང་དཔེ་འཇུན་པས་མཛད་པ་ཧོར་ཕར་འདུལ》ལེགས་འགྲུབ་བྱུང་། 1785ལོར་རྒྱལ་བའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུལ་འདེབས་དང་དུ་བླངས་ཏེ། 《སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞིའི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ》ཞེས་བྱ་བ་བརྩམས།1795ལོར་ཁོང་གིས་རང་གི་བུ་ལ《སྙན་ངག་མེ་ལོང》འཁྲིད་དུས། སྙན་ངག་གི་དཔེར་བརྗོད《བློ་གསར་ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ》ཞེས་བྱ་བ་བརྩམས། འདི་ནི་ཀུན་གཟིགས་ལྔ་པ་ཆེན་མོའི《སྙན་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》ལ་བསྟུན་ཞིང་བློ་གསར་རྣམས་ལ་ཁ་གཏད་ནས《སྙན་ངག་མེ་ལོང》གི་ལེའུ་གསུམ་པོའི་རྒྱན་སོ་སོར་གོ་སླ་བའི་དཔེར་བརྗོད་གཉིས་རེ་བཞག་ཡོད་པ་ཞིག་གོ ། 1793ལོར་པེ་ཅིན་ནས་ཕྱིར་བོད་ལ་ཡོང་མ་ཐག་ཏུ་ཁོང་གིས་སྐྱབས་མགོན་རྒྱལ་སྲས་རྡོ་རྗེ་འཆང་ཆེན་པོ་ལ་དྲིན་གཟོ་སོགས་ཀྱི་ཆེད་དུ་གོ་སླ་བའི་འབོལ་རྩོམ་ཞིག་ཀྱང་བརྩམས་ཡོད། ཁོང་གིས་རང་གི་བུའི་རེ་འདུན་ལྟར། བུ་རབས་ཚ་རྒྱུད་དང་ན་གཞོན་རྣམས་ལ་ཁོང་ཚོའི་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྣམས་རྒྱུན་འཛིན་དང་བསླབ་བྱ་སྡུད་ལེན་བྱེད་དུ་འཇུག་ཕྱིར། 1801ལོའི་ཡས་མས་ཤིག་ལ《རྡོ་རིང་པཎྚི་ཏའི་རྣམ་ཐར》བརྩམས་སོ། ། གཞན་ཡང《ཆར་སྤྲིན་རྨ་བྱའི་ཟློས་གར》དང《སུམ་རྟགས་གཉིས་ཀྱི་འགྲེལ་བ་ལེགས་པར་བཤད་པ་ཚིག་ཉུང་དོན་བཟང་ཨུཏྥལ་ཡི་རྣ་རྒྱན》སོགས་ཡོད།


⑴རྣམ་ཐར་འདིའི་ནང་དུ་རྩོམ་པ་པོ་བསྟན་འཛིན་དཔལ་འབྱོར་གྱིས་སྤྱི་ལོ1700ནས1806ལོའི་བར་གྱི་ལོ་ངོ་བརྒྱ་ལྷག་རིང་གི་དགའ་བཞི་བའི་ཁྱིམ་རྒྱུད་ཀྱི་མི་རབས་ལྔའི་འཚོ་བའི་བརྒྱུད་རིམ་བརྗོད་ཡོད་ཅིང་། དེ་དང་འབྲེལ་བའི་དམ་ཟབ་ཡིན་པའི་དོན་རྐྱེན་སྣ་ཚོགས་དང་མི་སྣ་གཙོ་བོ་སོགས་ཞིབ་ཏུ་བྲིས་ཡོད།

⑵རྩོམ་པ་པོས་རང་གི་ཡབ་གུང་པཎྚི་ཏ་དང་རང་ཉིད་ཀྱི་ལོ་རྒྱུས་བརྗོད་པའི་གོ་རིམ་ཁྲོད་དུ། བོད་ལྗོངས་ཀྱི་སྐུ་དྲག་གི་འཚོ་བའི་གནས་ཚུལ་མང་པོ་ཞིག་ཀྱང་བརྗོད་ཡོད། དེ་ཡང་མཆོད་སྦྱིན་གྱི་ཆོ་ག་དང་། དགོན་པ་ཞིག་གསོ། ཆོས་གཞུང་ལ་ཐོས་བསམ་བྱེད་པ་སོགས་ཆོས་ལུགས་ཀྱི་བྱ་འགུལ་སྣ་ཚོགས་དང་། ཡུལ་སྲོལ་གོམས་གཤིས་རྣམས་བརྗོད་ཡོད།

⑶རྩོམ་པ་པོ་འདི་ལ་སྤྱིར་བཏང་གི་མི་དང་མི་མཐུན་པའི་འཚོ་བའི་བརྒྱུད་རིམ་ཞིག་ཡོད་དེ། ཁོང་ཉིད་བལ་ཡུལ་དང་། སི་ཁྲོན། པེ་ཅིན་སོགས་ལ་བསླེབས་མྱོང་བར་མ་ཟད། གཙང་དང་ལྷོ་ཁ་སོགས་སུ་མཇལ་སྐོར་ལའང་ཕྱིན་མྱོང་། དེ་བས་རྣམ་ཐར་གྱི་ནང་དུ་ས་ཆ་སོ་སོའི་ཡུལ་ལྗོངས་ཀྱི་རྣམ་པ་ཁྱད་དུ་མཚར་བ་མང་པོ་ཞིག་བྲིས་འདུག


上一篇:ཡུལ་ཤུལ་ལྡོང་ཚང་གི《བཀའ་བསྟན》ཏེ། ཁྱིམ་རྒྱུད་གཅིག གསུང་རབ་གཅིག ལོ་ངོ་སྟོང་གཅིག

下一篇:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་སྐོར་ཞིབ་ཚན་ཆུང་གིས་མ།ོ་སྔོན་གྱི་དབུལ་སྒྲོལ་འགག་གཏོར་གྱི་ལས་ཀར་སྐོར་ཞིབ་བྱས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783990 位访客