༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་དང་ཨུ་རུ་སུ། ཉི་ཧོང་བཅས་ལ་ འཚམས་འདྲི་བྱས་པ།

发布时间:2017-09-03 08:59:57

   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན་ནས་ཚེས་23ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་མངག་གཏོང་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་སྔ་རྟིང་དུ་མོང་གོལ་དང་། ཨུ་རུ་སུ། ཉི་ཧོང་བཅས་ལ་འཚམས་འདྲི་བྱས་པ་རེད། ཚོགས་པ་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲུའུ་ཝེ་ཡིས་ཚོགས་གཙོའི་འགན་ཁུར་བ་དང་། ཚོགས་མི་ནི་པེ་ཅིང་དང་བོད་ལྗོངས་ནས་ཡིན་པའི་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་དང་། བོད་རིགས་ལས་བྱེད་པ། སྤྲུལ་སྐུ་སོགས་ལས་གྲུབ་པ་རེད།

     སྤེལ་རེས་ཚོགས་པས་འཚམས་འདྲི་བྱས་པའི་རིང་ལ། རྒྱལ་ཚོགས་ཀྱི་ཚོགས་མི་དང་། ཆེད་མཁས་པ་དང་མཁས་དབང་། དགོན་པའི་དགེ་འདུན་པ་དང་བཙུན་མ། སྨྱན་སྦྱོར་ལས་ཁུངས་གཙོ་བོའི་གསར་འགོད་པ། སློབ་གྲྭ་ཆེན་མོའི་དགེ་སློབ། ཕྱི་སྡོད་རང་མི་དང་ཕྱི་ཁོངས་ཀྱི་ཀྲུང་གོ་བ། ས་གནས་དེ་གའི་མང་ཚོགས་བཅས་དང་འབྲེལ་གཏུག་ཁྱབ་རྒྱ་ཆེན་པོ་བྱས་ཤིང་། ཕྱི་ཕྱོགས་ཀྱི་སྤྲོ་སེམས་འཕེལ་ཞིང་མཛའ་བཤེས་ཆེ་བའི་སྣེ་ལེན་ཐོབ་པ་རེད། སྤེལ་རེས་ཚོགས་པས་བཞུགས་མོལ་སྤེལ་རེས་དང་། "དེང་གི་བོད་ལྗོངས"ཞེས་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ། དགོན་པར་འཚམས་འདྲིར་ཕྱིན་པ། བཅར་འདྲི་དང་ལེན་བྱས་པ། ཆོས་བཤད་པ། འོས་འགན་གྱི་སྨན་བཅོས་བྱས་པ་སོགས་ཀྱི་ཐབས་ལམ་ཐོག་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་རྒྱས་བྱུང་ཚུལ་ངོ་སྤྲོད་བྱས་པ་དང་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་བོད་ཀྱི་རིག་གནས་ལ་ལྡན་པའི་སྐྱེ་སྟོབས་དང་གསོན་ཤུགས་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བྱས་པ་རེད།

     

   སྤེལ་རེས་ཚོགས་པའི་ཚོགས་མི་ཚོས་སོ་སོའི་དམིགས་བསལ་གྱི་ཤེས་ཡོན་དང་ཟུང་དུ་འབྲེལ་ནས་ཕྱི་ཕྱོགས་ཀྱིས་དོ་སྣང་བྱེད་པའི་བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། "རྒྱུད་གཅིག་ལམ་གཅིག"གི་བཀོད་པའི་ནང་བོད་ལྗོངས་ཀྱི་ངེས་གནས། བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  ཡུལ་སྐོར་ལ་སོགས་པའི་ཐད་ཀྱི་གནད་དོན་ལ་བློ་ཡིད་འཐད་པའི་ལན་བཏབ་པ་རེད། ཉི་ཧོང་རྒྱལ་ཚོགས་ཀྱི་ཚོགས་མི་ཀྲུའུ་ཀུའུ་ཉན་ཙི་མཁྱེན་ལྡན་མས་ཚོགས་པ་དང་ཕན་ཚུན་སྤེལ་རེས་བྱས་པ་ལས་ཁོང་མོའི་བོད་ལྗོངས་དང་སྙིང་ཉེ་བའི་ཚོར་བ་སྔར་ལས་ཇེ་ཆེར་སོང་ཡོད་ཅེས་བསྟན་པ་རེད།

     

    ཀྲུའུ་ཝེ་ཡིས"མོང་གོལ་དང་ཨུ་རུ་སུ། ཉི་ཧོང་བཅས་རྒྱལ་ཁབ་གསུམ་ལ་ནང་བསྟན་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་འབོར་ཆེན་ཡོད་པ་དང་། སྤེལ་རེས་ཚོགས་པས་ཐུག་འཕྲད་བྱས་པའི་ཕྱི་ཕྱོགས་མི་སྣའི་ནང་ཀྲུང་གོའི་བོད་ལྗོངས་དང་བོད་ཀྱི་རིག་གནས་ལ་སྤྲོ་སྣང་ཆེན་པོ་མི་བྱེད་མཁན་གཅིག་ཀྱང་མེད་པ་རེད། མི་མང་པོས་ཀྲུང་གོར་ཡོང་ནས་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་ཐད་ཀྱི་སྤེལ་རེས་བྱ་རྒྱུ་མ་ཟད། བོད་ལྗོངས་སུ་བསྐྱོད་ནས་ཆོས་སློབ་པ་དང་། གནས་མཇལ། ཡུལ་སྐོར་བཅས་བྱ་རྒྱུའི་རེ་འདུན་ཆེན་པོ་ཡོད་པ་དང། ཀྲུང་གོས་བོད་ལྗོངས་དང་བོད་ཀྱི་རིག་གནས་དང་འབྲེལ་བའི་ཚོགས་པ་སྔར་ལས་མང་བ་རང་རེའི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པར་མངག་གཏོང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན"ཞེས་བསྟན་པ་རེད།




མི་དམངས་དྲ་བ  

http://tibet.people.com.cn/15678673.html


上一篇:༄༅།།རྒྱལ་ནང་གི་ཆེད་མཁས་པ་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཛོམས་ཏེ་བོད་ཁུལ་གྱི་བཟོ་སྐྲུན་ཤུལ་ བཞག་སྲུང་སྐྱོང་གི་སྐོར་གླེང་བ།

下一篇:ལྡོང་ཡོན་ཏན་རྒྱ་མཚོས་རང་གི་སློབ་བུ་ཚོར་གདམས་པའི་གནད་བཅུ་བཞི།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1869715 位访客