ལྡོང་ཡོན་ཏན་རྒྱ་མཚོས་རང་གི་སློབ་བུ་ཚོར་གདམས་པའི་གནད་བཅུ་བཞི།

发布时间:2017-09-05 08:09:20

 ༡   རང་ཉིད་རང་གིས་ངོ་ཤེས་པར་གྱིས་ཤིག  ཁྱོད་བརྩེ་དུང་གི་རྒྱས་སྲས་མིན་ལ། སྲིད་ཀྱི་དེད་དཔོན་ཡང་མིན། ཁྱོད་ལ་མི་རིགས་ཀྱི་བདེ་སྡུག་དང་རྒྱལ་ཁབ་དར་རྒྱས། རིག་གནས་གསར་རྙིང་གི་དགེ་སྐྱོན། ཆོས་སྲིད་ཟུང་འབྲེལ་ལ་འགལ་འདུ་ཡོད་མེད་སོགས་གླེང་བའི་འགན་འཁྲི་ལྕི་མོ་དེ་གནས་སྐབས་མེད། ཁྱོད་སློབ་མ་ཞིག་ཡིན། ཁྱོད་སློབ་གཉེར་བ་ཞིག་ཡིན། སྐབས་བབས་སྦྱང་བྱར་བརྩོན་ཅིག རིགས་མཐུན་ཁྱུ་ལས་རྒྱལ་བར་གྱིས་ཤིག རིགས་པའི་གླིང་གར་ཅི་ཞིག་གི་དོན་དུ་འོང་། ཕ་མ་གཉེན་བཤེས་ཀྱིས་རེ་བ་ཅི་ཞིག་བཅོལ། ཁྱོད་སློབ་མཐར་ཕྱིན་ན། ཁྱོད་རིགས་སྨྲ་བ་དང་བསམ་བློ་བར་གྱུར་ན། མི་རིགས་བདེ་སྡུག་གི་འགན་འཁྲི་སོགས་གླེང་དགོས་ལ་འཁུར་ཡང་དགོས། བྱ་བ་གང་ལའང་གོ་རིམ་ཞིག་ཡོད། 

 

༢   ཁྱོད་ཀྱིས།  སློབ་སྦྱོང་བྱེད་པའི་དགོས་པ་མཐར་ཐུག་ཅི་ཞིག་ཡིན་ངོས་ཟིན་ཡོད་དམ། རྒྱུགས་སྐར་མཐོ་བ་གནས་སྐབས་རླུང་རྟ་ཙམ་ཡིན་ལ། ཟླ་ཕོག་ཅིག་གི་ཆེད་དུ་བརྩོན་པ་བློ་མིག་རྐང་རྩེར་གཏོད་མཁན་ཚོའི་བསམ་རྒྱ་ཙམ་རེད། རང་ལ་ལྟོས་ཏེ་ཀུན་སྤྱོད་དང་མི་གཞི་ལེགས་བཅོས། བསམ་པ་བཟང་བོ། བླང་དོར་དབྱེ་འབྱེད་ཤེས་པའི་ཆེད་དུ་སློབ་སྦྱོང་བྱེད་དགོས་ལ། གཞན་ལ་ལྟོས་ཏེ་ས་སྒང་རིལ་མོར་ཕན་རླབས་ཆེ་བ། ཚེ་འདིའི་འཚོ་བ་ཐག་གཅོད་དང་ཕྱི་མར་ལམ་སྟོན་བྱེད་ནུས་པ། རིག་པའི་གསང་ཚིག་འདོམས་པ། ཕྱི་ནང་ཚན་རིག་གསར་གཏོད་དང་ལག་ལེན་མཁས་པའི་ཆེད་དུ་སློབ་གཉེར་བྱེད་དགོས། འདི་ནི་ཉིང་དགོས་ཡིན། 

 

 ༣   ཤེས་རབ་ཉི་མ་འདྲ་ཞིག་ཡོད་ཀྱང་། བརྩོན་པ་ཆུ་རྒྱུན་འདྲ་ཞིག་མེད་ན། མཁས་པའི་གོ་འཕང་མི་ཐོབ། རིག་པའི་གཏེར་ཁ་མི་ལོན། ཡོན་ཏན་ལ་མོས་གུས་ཡོད་ན། བཟློག་མེད་ཀྱི་བརྩོན་འགྲུས་ཡོད་ན། འཇིག་རྟེན་གྱི་ཁམས་ཆེན་པོར། ཁྱོད་ཀྱིས་ཤེས་མི་ཐུབ་པའི་ཤེས་བྱ་དང་འཐོབ་མི་ཐུབ་པའི་གོ་འཕང་ཞིག་ཡོད་མི་སྲིད། ཁྱོད་མི་རློམ་ན། ཀུན་མཁྱེན་རྒྱལ་བའི་གསུང་སྙན་ལ་རྣ་བ་བློགས། སྔོན་བྱོན་དམ་པའི་བཞུད་ལམ་ལ་ག་ལེར་གཟིགས་དང་ངེས་པ་རྙེད་འོང་། 

 

༤   སློབ་སྦྱོང་ལ་མི་དགའ་བ་ནི་ངེས་འབྱུང་མིན་ལ། དགེ་རྒན་ལ་མི་བཀུར་བ་ནི་དེ་ལས་ཀྱང་དཔའ་རྟགས་ག་ལ་ཡིན། འདྲ་མཉམ་དང་ཁེ་དབང་ཟེར་བ་གནས་ལུགས་ཀྱི་སྟེང་ནས་མ་བཙུར་ལྷོད་ཀྱིས་འོང་རྒྱུ་ཞིག་ལས། ཨུ་ཚུགས་དང་གླེན་རྟགས་བསྟན་ཏེ་བཙན་གྱིས་ལེན་རྒྱུ་ཞིག་ཡེ་ནས་མ་ཡིན། མི་ཤེས་པའི་མུན་པ་སེལ་ཞིང་གནས་ལུགས་ཀྱི་ངོ་སྤྲོད་པའི་དགེ་རྒན་ཞིག་ཡིན་ན། གནས་ལུགས་ལས་ལྷག་པའི་དགའ་མོས་དང་བརྩི་བཀུར་བྱེད་རིགས་ཏེ། འཇིག་རྟེན་ཁམས་འདིར་དྲིན་ཅན་ཟེར་བ་ཞིག་ཡོད་ན་ཕ་མ་དང་དགེ་རྒན་ལས་གཞན་དུ་ཅི། དྲིན་ལན་ཙམ་ཡང་གཞལ་མི་ཤེས་པའི་མི་ཞིག་ཡིན་ཚེ། དཀྱེལ་ཡངས་དང་སྒལ་ཚིགས་སོགས་ཁྲི་འབུམ་གླེང་ཡང་དགོས་པ་མི་འདུག ལག་ལེན་དང་སྙིང་བོས་སྟོང་ཟིན། དེ་དག་གི་སྒལ་ཚིགས་དྲང་ཡང་ཁ་གྲག་ཤེས་པའི་ཤིང་སྡོང་ཞིག་རེད། བྲང་ཁོག་ཡངས་ཀྱང་དེའི་ནང་དུ་འཕར་ལྡང་ཉམས་པའི་སེམས་པ་འཁྱག་པོ་ཞིག་ལས་ཅི་ཡང་མེད། 

 

 ༥   སློབ་ཁྲིད་ལ་ཉན་པ་ནི། དགེ་རྒན་ལ་ངག་རྩལ་དང་བློ་རྩལ་ཡོད་མེད་ཉམས་སད་པའི་ཆེད་མིན་ལ། སློབ་གྲྭར་འགྲོ་བ། ཕ་མ་དང་དགེ་རྒན། སློབ་གཙོ་དང་རྒྱལ་ཁབ་སོགས་ཀྱི་ཆེད་མིན་པའི་ངེས་ཟིན་ཞིག་མ་མཐའ་འང་ཡོད་དགོས། ཁྲིད་བྱའི་སློབ་དེབ་རིག་ན་མགོ་བོ་ན་ཞིང་། སློབ་སྦྱོང་གི་སྐབས་དུས་དེབ་དང་ཚགས་པར། གསར་འགྱུར་དང་སྒྲུང་གཏམ་སོགས་ཀྱི་དཔེ་ཆ་ལ་བལྟ་རྒྱུར་དགའ་ཐལ་ཆེ་བ་ནི། ཁྱོད་ལ་ཁྱད་མཚར་བའི་རིམས་ནད་ཅིག་ཕོག་པའི་དན་རྟགས་ཡིན་ཏེ། སློབ་གླིང་གི་ཁྲིད་བྱ་དག་མི་དགོས་ན། འགྲིག་ལམ་འོང་ནས་སྒུར་ཏེ་སྡོད་པ་ལས། ཞིང་ཁ་དང་ཕྱུགས་རྗེས་དག་ནས་རང་དབང་གིས་དུས་དེབ་སོགས་ཞིབ་པར་ཀློགས་ཤིག་ཨང་། 

 

༦   དང་བོར་སློབ་གླིང་གི་སྒོ་ཆེན་དུ་འཛུལ་ཚེ། འགྱུར་མེད་ཀྱི་དམ་བཅའ་ཞིག་སྙིང་ལ་ཞོག ཉིན་རེའི་ཡར་ཐོན་དག་ཡི་གེར་ཕོབས། རྗེས་སུ་སློབ་གླིང་གི་སྒོ་ཆེན་བརྒལ་ནས་འགྲོ་ཚེ། སློབ་སྦྱོང་གི་གྲུབ་འབྲས་ལ་སྡོམ་རྩིས་ཤིག་རྒྱོབས། གཤིས་སྤྱོད་དང་མི་གཞིར་ཕན་བསྐྱེད་བྱུང་མིན་བྱ་ར་རེ་གྱིས། དགེ་སློབ་ཟུང་གི་ཉིན་ཟླ་ལོ་མཐུད་ཀྱི་དཀའ་སྤྱད་ལ་འབྲས་བཟང་སྨིན་འདུག་གམ། འཇའ་ཚོན་གྱི་གོས་དང་། དྲེད་མོང་གིས་བྱི་བ་བཟུང་བའི་རྗེས་སུ་སོང་ཡོད་ན། ཁྱོད་ཀྱི་དུས་གསུམ་དང་མདུན་ལྗོངས་མིག་ཆུ་ཡིན་འགྲོ། 

 

༧   ཉལ་ནས་མཁས་པར་གྱུར་བ་དང་། གཉིད་ནས་དཔེ་ཁྲིད་ལ་ཉན་པ། རྩེ་དགོད་གཡེང་བས་སློབ་སྦྱོང་གི་ཡང་རྩེར་སོན་པའི་གདམས་པ་ཞིག་ད་སྔོན་སུས་ཀྱང་རྙེད་མི་འདུག་ལ། ཕྱིས་སུའང་རྙེད་ཐབས་བྲལ། དེ་བས། སློབ་མའི་སྐབས་སུ་སྔ་ལངས་འཕྱི་ཉལ་གྱི་དཀའ་སྤྱད་བཟོད་དགོས། དོན་ཉུང་བྱ་ཉུང་གི་གདམས་པ་དྲན་དགོས། སློབ་ཁྲིད་ཀྱི་དུས་སུ་ལེགས་པར་རབ་ཏུ་ཉན་ཏེ་ཡིད་ལ་གཟུང་དགོས་པ་རྩ་བའི་དམ་ཚིག་ཅིག

 ༨   ཁྱོད་ཉིད་མི་ཤེས་ནད་ཀྱིས་གཟིར་བའི་ཉམ་ཐག་ནད་པ་ཞིག་ཡིན་ན། དགེ་རྒན་ནི་ནད་ཐབས་ལ་མཁས་པའི་སྨན་པ་དང་། བསླབ་བྱ་དངོས་ནི་ཟུག་འཇོམས་ནད་བརྒྱ་སྨན་གཅིག སྨན་ལེགས་པར་བཏུང་བས་ནད་སེལ་ལ། སྐྱབས་དང་མགོན་དང་དཔུང་གཉེན་ཟེར་བའང་དགེ་རྒན་ལས་གཉིས་སུ་མེད་པ། སྨན་པའི་ངག་བཞིན་སྨན་བསྟེན་པས་ལུས་སྲོག་རིང་དུ་འཚོ་བ་བཞིན། སློབ་གཉེར་ཚུལ་བཞིན་བྱས་པས། མི་ཚེའི་སྙིང་བོ་ལོན་པ། རང་དང་མི་རིགས་ཡར་རྒྱས་སོགས་ལ་རམས་འདེགས་བྱེད་ཐུབ་པ། སྐྱེ་དགུ་ཡོངས་ལ་ཕན་བདེ་བསྐྲུན་འདོད་པའི་འདུ་ཤེས་དང་ལྡན་ཚེ། ཁྱོད་ཀྱི་སློབ་གཉེར་ལ་ལམ་ལྷོང་བྱུང་བ་ཡིན།


༩   ལྷན་སྐྱེས་ཀྱི་ཤེས་རབ་རྟུལ་བ། དཔེ་ཁྲིད་ཀྱི་དོན་མི་གོ་བ། གཞུང་ཚིག་བློར་མི་ཟིན་པ། རྒྱུགས་མི་འཕྲོད་པ། འཛིན་གྲྭའི་རྗེས་སུ་ལུས་པ་སོགས་ནི་དེ་འདྲའི་དངངས་འཚབ་དང་ཁོ་ཐག་ཆད་དགོས་པའི་གནས་ཤིག་མ་ཡིན་ཏེ། དེ་དག་རེ་རེར་ཐབས་དང་དངོས་གཉེན་རེ་ཡོད་པས་ཁྱོད་ནམ་ཞིག་ཅིས་ཀྱང་རྒྱལ་ངེས། འོན་ཀྱང་། ཤེས་རབ་རྣོན་པོ་ལོག་པར་བཀོལ་བ། སློབ་ཁྲིད་ལ་ཉན་རྒྱུར་སུན་པ། གཞུང་ཚིག་བློར་འཛིན་པ་ཆོས་ལུགས་པའི་ལག་ཆར་སེམས་པ། རྒྱུགས་སྤྲོད་ལམ་ལུགས་ལ་ཐན་དུ་བལྟ་བ། ཅི་ཙམ་རྗེས་སུ་ལུས་ཀྱང་ཧུར་བརྩོན་དང་བྲལ་བ། མི་ཤེས་པ་རྒྱན་དུ་རློམ་པ་སོགས་ནི། ཁྱོད་ལ་མཚོན་ན་དམག་དཔོན་གཡུལ་ལས་ཕམ་པ་དང་མེ་ཤུགས་འཕུར་མདའི་གནོད་སྐྱོན་ལས་བརྒལ་བའི་འཇིགས་ཉེན་འབའ་ཞིག་རེད

 

༡༠   མི་ཤེས་ན་དགེ་རྒན་དང་སློབ་གྲོགས་ལའང་དྲིས་ན་བཟང་སྟེ། དྲི་བ་འདོན་པ་ནི་ཁྱོད་ཀྱིས་ཟུར་མི་འདྲ་བ་ཞིག་ནས་ཡོན་ཏན་གྱི་གཏེར་སྒོ་ཆེན་པོ་ཞིག་ཐབས་ཀྱིས་ཕྱེས་པ་དང་མཚུངས། འོན་ཀྱང་། རྒྱུགས་སྤྲོད་སྐབས་མངོན་ལྐོག་ཅི་རིགས་ནས་འདྲི་ཞིང་བརྐུ་བ་ནི། རང་གིས་རང་ལ་ཆད་པ་གཅོད་ཅིང་ངོ་ཚར་གཏོད་པ་ཁོ་ན་སྟེ། བྱེད་ཐབས་དེས། རྒྱུགས་འབྲས་ཅི་ཙམ་བཟང་ཡང་གཞན་གྱི་ཡིན་ལ། སྐར་གྲངས་ཅི་ཙམ་མཐོ་ཡང་སྟོང་བ་ཡིན། རྒྱུགས་ལེན་པ་ནི་སློབ་སྦྱོང་གི་ཐབས་ལམ་གཞན་ཞིག་ལས་ཅི་ཡང་མིན་ལ། བརྐུ་འབྲི་བྱེད་མིན་གྱིས་ཁྱོད་ཀྱི་མི་ཚེ་དང་མི་གཞིར་ཚོད་བགམ་བྱེད་ཀྱིན་ཡོད། 

 

 ༡༡   སློབ་གླིང་གཅིག་ནས་མཐར་ཕྱིན་པ་ནི་ཐེམ་སྐས་ལ་འཛེགས་པ་དང་འདྲ་ལ། སློབ་དེབ་ཁ་ཤས་ལ་སྦྱངས་པ་ནི་ཁ་ཕྱོགས་ཤིག་རྙེད་པའམ་གཞི་རྐང་ཞིག་བཙུགས་པ་ཙམ་སྟེ། གྲུབ་འབྲས་འདི་ཙམ་གྱིས་ཁྱོད་གཏན་ནས་ཡིད་ཚིམས་མི་རུང་། བཀའ་གདམས་བླ་མ་ཚོས། འཚང་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད། སངས་རྒྱས་པ་ན་སློབ་གཉེར་ཚར་བ་ཡིན། ཞེས་ལེགས་པར་གདམས་ཡོད་པ་ལ་སོམས་དང་ཤེས་འོང་། 

༡༢   རི་བོང་ཅལ་འདྲོག་གི་གཏམ་རྒྱུད་དེ་སུ་ཞིག་གི་རྣམ་དཔྱོད་ལས་འཁྲུངས་པའི་གསལ་ཁ་མེད་ཀྱང་། དེས་གནས་ལུགས་ཤིག་སྟོན་གྱིན་འདུག   ལེགས་བཤད་ཅིག་སྩོལ་གྱིན་གདའ། བདེན་དཔང་མེད་པར་གང་བྱུང་གིས་མེས་པོ་ཚོར་བསྙད་འདོགས་མ་བྱེད། སྐབས་དེའི་གནས་བབས་མ་རྟོགས་པར་རྒྱལ་བློན་ལོ་པཎ་དག་ལ་སྡིགས་དམོད་མི་འོས། དགེ་སྐྱོན་མ་ངེས་གོང་ནས་འུད་སྒྲོག་མ་གནང་། ཁ་གཡང་དང་སྟོང་བཤད་ལ་གཞི་མེད་ཀྱི་བདེན་ཁ་མ་སྟེར། གནས་ལུགས་ཀྱིས་ཕྱུག་པའི་གཞུང་ལུགས་གང་ལའང་གསར་བུའི་སྙིང་སྟོབས་སྤྱད་དེ་གླེན་རྒོལ་མི་རུང་། ངེས་དོན་གྱི་མཁས་པ་དང་སྐྱེས་བུ་དམ་པར་མི་ཆོས་ལས་འདས་པའི་ཁྱད་གསོད་མ་བྱེད། དེ་ལྟ་མིན་ན། འཆམ་མཐུན་དང་། མི་གཞིའི་རྩིས་ཐང་། བསམ་བློ་བ། མི་རིགས་རང་ལུགས་པ། བདེན་པ་བརྡར་བ་སོགས་ནི་རྩེད་ཆས་རྐྱང་རྐྱང་གི་ཐ་སྙད་ཙམ་རེད། ངས་ནམ་ཡང་གནས་ལུགས་མི་འཆད་པའི་མི་བུ་རེ་གཉིས་ལས་བདེན་པ་གཅིག་ལ་བརྩི་བཀུར་བྱེད་འདོད། ཕུགས་བསམ་དང་ཁ་ཕྱོགས་གྱིས་དབུལ་བའི་དུང་ཞེན་གྱི་སྐད་ཆ་དམ་དུམ་ལས་ཡང་དག་པའི་གཞུང་ལུགས་ཤིག་ལ་བློ་ཕུག་བཅོལ་ངེས། 

 

 ༡༣   རྭ་རྩེ་ནས་མེ་ཞགས་མཆེད་ཅིང་ཞལ་སྒོ་ནས་དུག་ཆར་སྤྲོ་བའི་བདུད་ཅིག་ཡོད་མེད་མི་ཤེས་ཀྱང་། ཕན་གཏམ་དང་འཛུམ་དཀར། སོས་དལ་དང་སྤྲོ་འཁྱམ། འདོད་རྩེ་དང་རྒྱུ་འབྱོར། རྒྱུན་སྲོལ་དང་དགའ་དུང་སོགས་ཀྱི་ཁ་རྒྱན་སྤྲས་པའི་བདུད་དང་བདུད་རྒན་ཤིན་ཏུ་མང་སྟེ། མིང་གཞན་ལ་སྡིགས་གྲོགས་ཀྱང་ཟེར། བག་ཟོན་མ་བྱས་ན་དེས་ཁྱོད་རང་གཡང་དུ་འཁྲིད་ངེས། ཕྱུགས་ཏུ་བསྒྱུར་སྲིད། ངན་འགྲོར་འཕེན་འོང་། འདིའི་རིགས་ལ་དུག་བཞིན་མ་འཛེམས་ན་ཁྱོད་སྒོ་གསུམ་ཐལ་བར་བརླག་འགྲོ། རང་ཉིད་ལ་གཅེས་ཤིང་རང་གི་བློ་གྲོས་ལ་བརྩི་བཀུར་བྱེད་འདོད་ན་སྡིག་གྲོགས་དང་རིང་ནས་རིང་དུ་གྱེས་ཤིག 

 

 ༡༤   ཁྱོད་ཀྱིས་འདོད་དགུར་སྤྱོད་པའི་ཟས་གོས་གནས་མལ་དེའི་ཕ་རོལ་ན་ཕ་མའི་དཀའ་སྡུག་སྲིད་དུ་བསྐྱངས་ཡོད། ཁྱོད་ཀྱིས་ཤེས་རིག་ཡོན་ཏན་ལ་སྦྱོང་བའི་མཐུན་རྐྱེན་དུ་ཕ་མ་དང་གཉེན་ཉེའི་རྔུལ་དུ་མཚོ་རུ་བསྐྱིལ་ཡོད། བག་ཡོད་པར་གྱིས་ཤིག གོ་སྐབས་བཟང་བོ་དམ་འཛིན་གྱིས་ཤིག རེ་བའི་རི་མོ་མ་གསུབ་ཅིག


上一篇:༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་དང་ཨུ་རུ་སུ། ཉི་ཧོང་བཅས་ལ་ འཚམས་འདྲི་བྱས་པ།

下一篇:ལོ་རྒྱུས་ཀྱི་ཡུན་རིང་བའི་སྒ་སྐྱེ་རྒུ་དགོན།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1869020 位访客