༄༅།།ལུས་ངག་དགའ་བ་བརྒྱ་ཡིས་མཆོད་པ་ཕུལ། ཡིད་སེམས་སྤྲོ་བ་འབུམ་གྱིས་རྟེན་འབྲེལ་ཞུས།

发布时间:2017-09-08 10:27:37

      

 

     རང་རེའི་རྡོ་ར་དཀར་མོའི་སློབ་གྲྭ་ལ་མཚོན་ན། འདས་ཟིན་པའི་མི་ལོ་བཅུ་ནི་དེབ་རྒན་ཞིག་གི་ནང་གསེས་ཀྱི་ཚན་པ་ཙམ་སྟེ། ཆེས་རིང་བའི་ལེའུ་རྣམས་ནི་ད་དུང་རྗེས་སུ་ལྷག་ཡོད་པ་རེད། དེའི་དབང་གིས། ང་ཚོས་དཀའ་སྡུག་གང་འདྲ་ཞིག་ལ་གདོང་གཏོད་དགོས་ཀྱང་། སླར་བཞིན།  འབད་པ་ཆེན་པོས་མདུན་ཕྱོགས་སུ་བགྲོད་རྒྱུ་ཡིན་པར་མ་ཟད། སྔར་བས་ཕུན་སུམ་ཚོགས་པ་དང་། སྔར་བས་འཐུས་སྒོ་ཚང་བའི་ལམ་ལ་བསྐྱོད་རྩིས་ཡོད། གནའ་མི་བོད་ཀྱི་ཁ་དཔེ་ལ། མདའ་འཕེན་རྒྱུའི་སྙིང་སྟོབས་མེད་ན། དམག་ལ་འགྲོ་རྒྱུ་དང་པོ་ནས་ག་ལ་དྲན་ཞེས་པ་ལྟར། ང་ཚོ་སོང་མི་ཚར་བའི་ལམ་ཁ་འདིར་དངོས་སུ་ཞུགས་ཡོད་པར་མ་ཟད། སྔར་བཞིན་འགྲོ་བའི་དམ་བཅའ་ཡང་བརྟན་པོ་ཚུགས་ཡོད། དེ་ནི་རྒྱལ་ཁབ་ཀྱི་དགོངས་དོན་དང་ས་གནས་མང་ཚོགས་ཀྱི་རེ་བ་ཡིན་པས་མ་འོངས་པར་དེ་རིང་བས་ཀྱང་ལྷག་པའི་གྲུབ་འབྲས་ཕུལ་དུ་བྱུང་བ་ཞིག་ལེན་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད།ཅེས་པའི་གསུང་ཚིག་འདི་ནི་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་རྟེན་འབྲེལ་གྱི་མཛད་སྒོ་རུ་སློབ་གྲྭའི་མཚན་འཛིན་སློབ་གཙོ། ཤར་མི་ཉག་གི་ཞིང་དུ་ཆོས་རིག་གི་འོད་སྟོང་མདྲེན་མཁན་གྱི་རྒྱལ་བའི་སྲས་པོ་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གི་ཞལ་གསུང་དྲོན་མོའི་གསུང་བཤད་ལས་གསུང་དུམ་ཞིག་རེད། གསུང་དུམ་འདིས་མ་འོངས་པར་ཤར་མི་ཉག་པའི་མཁའ་དབྱིངས་ནས་འཆར་བའི་ཤེས་རབ་ཉི་མའི་འོད་མདངས་སྔར་ལས་གསལ་ཞིང་ཕན་བདེའི་འོད་ཟེར་སྟོང་དུ་འཕྲོ་རྒྱུ་ཡོད་པར་བསྟན་ཡོད་པས་ཅི་འདྲས་དགའ་འོས་པ་ལ་ཨང་།

   “ཁྱེད་མེད་པའི་ཡར་སྔོན་དུ་གངས་འཁྱགས་དང་ཙག་རླུང་གིས་བསྡམས་པའི་ཡུལ་གྲུ་འདིར་མི་ཉག་པའི་གངས་ཕྲུག་ཚོས་ནོར་གནག་གི་སུག་རྗེས་དེད་ནས་ཡུན་རིང་འགོར་ལ། མེས་དབོན་ལ་རེ་ཐག་ཆད་པའི་མ་སྲུ་ཚོས་ལྕི་འདམ་གྱི་ཁྲོད་ནས་མི་ཚེ་རྫོགས་པ་གྲངས་ལས་འདས། ལོ་བཅུ་ཡི་སྔོན་གྱི་མི་ཉག་པ་ནི་རྨོངས་དད་དང་རྗེས་ལུས། རྙིང་ཞེན་དང་མཁྲེས་འཛིན་གྱི་ལྟ་བ་ཁོ་ན་ཡིན་པས། འདི་ནས་ནང་འཁྲུགས་ཀྱི་མེ་རོ་འཕྱུར་མྱོང་ལ། སྐད་ཡིག་ལ་གོད་ཆགས་བྱུང་མྱོང་བར་མ་ཟད་ཕ་སྐད་བརྗོད་པར་སྨྲ་ལྕེ་ལྐུགས་པའི་ཚད་དུའང་ལྷུང་མྱོང་མོད། འོན་ཀྱང་དེ་རིང་གི་མི་ཉག་ན་དགེ་བཅུའི་ལྷ་མཚོ་མེར་གྱིས་འཁྱིལ་ཞིང་། མཐུན་སྒྲིལ་གྱི་སྟོབས་ཤུགས་མེ་རུ་འབར། དེ་རིང་གི་མི་ཉག་པ་ནི་ཤེས་རབ་ཀྱི་འོད་སྣང་འཚོལ་བཞིན་ཞི་བདེ་ཡི་ལམ་འཕྲང་སྙེག་མཁན་ཁོ་ན་རེད། འདི་ནི་སྐུ་མཆོག་ཉིད་ཀྱི་བཀའ་དྲིན་དང་མཛད་རྗེས་མ་ཡིན་ནམ། ཞེས་པ་འདི་ནི་མདོ་འཛིན་པ་སློབ་མ་ཞིག་གིས་བརྗོད་པའི་དྲིན་བྱས་དྲིན་དུ་གོ་བའི་སྐད་ཆ་ཐུང་ཐུང་ཞིག་རེད། ངོ་མ་རེད། མི་ཉག་ར་བ་སྒང་གི་མི་རབས་གསར་བའི་གཞོན་སྐྱེས་དག་ལ་ཤེས་རབ་ཀྱི་མིག་འབྲས་བསྩལ་ཞིང་འཕྲལ་ཕུགས་ཕན་བདེ་ལེགས་ཚོགས་ཀྱི་ལམ་ཆེན་སྐྲུན་མཁན་རྒྱལ་བའི་སྲས་ཁོང་ཉིད་ལས་སུ་ཞིག་མཆིས་ཨང་། གངས་མཐོན་པའི་འདབས་དང་ས་ཆེན་པོའི་པང་ནས་གྲོགས་མེད་ཁེར་རྐྱང་གིས་རིགས་ཀྱི་སྤྱི་དོན་ལ་བྲེལ་བཞིན་པའི་སེམས་དཔའ་ཆེན་མོ། ཁྱེད་ཀྱིས་མི་ཉག་གི་ཡུལ་ཁམས་འདིར་ཤེས་ཡོན་པའི་དཔུང་སྡེ་གསར་བ་ཞིག་བསྐྲུན་སྙམ་པའི་ཆོད་སེམས་ཀྱིས་སློབ་བུ་སྟོང་ཚོ་མང་པོར་དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་གཅེས་ཤིང་བསྐྱངས་ཏེ་བགྲང་བྱ་བཅུ་ཡུན་གྱིས་འདས། ད་ལྟར་རིག་རྒོད་ཀྱི་སློབ་བུ་ཁོ་ཚོའི་རྣམ་ཤེས་ལ་གཤོག་པ་ཐོགས་ཤིང་ཕུགས་བསམ་འཚོལ་སྙེག་གི་གཤོག་འགྱུར་ངོམ་བཞིན་ཡོད་པ་ནི་སྐུ་མཆོག་ཁྱེད་ཀྱིས་ཐུགས་རྗེ་དང་བཀའ་དྲིན་ཁོ་ན་ལགས།

  

        སྤྱི་ཟླ༧པའི་ཚེས༡༢ཉིན་ལ་ཤར་མི་ཉག་གི་ཡུལ་དུ་དགོས་འདོད་ཀུན་འབྱུང་གི་ནོར་བུ་རིན་པོ་ཆེ། མི་ཉག་རྫོགས་ཆེན་སློབ་གྲྭའམ་ཡོངས་གྲགས་སུ་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་ཞེས་རླུང་རྟའི་རྒྱལ་མཚན་མཁའ་ལ་དར་བཞིན་ཡོད་པའི་མི་ཉག་རིག་པའི་སྐྱེད་ཚལ་འདི་ཉིད་གསར་བཞེངས་མཛད་ནས་བགྲང་ལོ་བཅུར་ལོན་པའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་གྱི་རིག་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པ་ཞིག་སྤེལ་ཡོད་པ་རེད།

སློབ་གྲྭ་འདི་ཉིད་ནི་དེ་རིང་ནས་ཡར་བརྩིས་པའི་བགྲང་བྱ་བཅུ་ཡི་སྔ་རོལ་ཞིག་ཏུ། མི་ཉག་ར་བ་སྒང་དུ་སྔར་བྱུང་མ་མྱོང་ལ་ཕྱིས་འབྱུང་དཀོན་པའི་ས་ཆེན་པོའི་སྟེང་གི་རྒྱལ་བའི་སྲས་མཆོག་མི་ཉག་འགྲོ་བའི་མགོན་པོ་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གི་ཐུགས་རྗེ་དང་སྨོན་ལམ་དུས་སུ་བབས་ཤིང་། རྒྱལ་ཁབ་ཀྱི་སློབ་གསོའི་དགོངས་དོན་དང་ས་གནས་ཀྱི་སྤྱི་ཚོགས་ལེགས་བཅོས། ཁྱད་པར་དུ་ཤར་མི་ཉག་ཡུལ་གྱི་ཤེས་རྨོངས་གནད་སེལ་ལ་རྐང་བཙུགས་ཏེ་དར་མདོ་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་འབྲེལ་གྱིས་མི་ཉག་རྡོ་ར་དཀར་མོ་ཞེས་སྣོད་བཅུད་དཔལ་གྱི་ལེགས་ཚོགས་ཀུན་ནས་རྒྱས་ཤིང་བཀྲ་ཤིས་རྟགས་བརྒྱད་ཀྱི་ས་དཔྱད་ཡོངས་སུ་ཚང་བའི་ཡུལ་ཁྱད་པར་བ་འདི་ནས་སློབ་གྲྭ་འདི་ཉིད་གསར་བཞེངས་མཛད་ནས་ཞིང་པའི་སོ་ནམ་དང་འབྲོག་པའི་ནོར་གནག་གི་རྗེས་ནས་མི་ཚེ་སྟོང་ཟད་དུ་འགྲོ་བཞིན་པའི་ཤར་མི་ཉག་གཙོ་བོར་གྱུར་པའི་མི་རབས་གསར་པའི་བྱིས་པ་སུམ་སྟོང་ལྷག་ལ་གནས་འདིའི་ཤེས་རིག་གི་ཞིང་ས་ནས་མི་ཚེ་འོད་ཀྱིས་བསྒྲོན་པའི་མཐུན་རྐྱེན་སྦྱར་ཞིང་སློབ་གྲྭ་འདི་ཉིད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་དེ་རིང་ནི་བགྲང་བྱ་བཅུར་ལོན་པའི་འཁྲུངས་སྐར་གྱི་བཀྲ་ཤིས་པའི་ཉིན་མོ་དེར་གྱུར།


             སློབ་གྲྭའི་འཁྲུངས་སྐར་གྱི་མཛད་སྒོ་རུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་སློབ་གསོ་ཅུས། ཁུལ་ཆོས་ལུགས་ཅུས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། ཁུལ་བོད་སྨན་ཁང་། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་སོགས་ཁུལ་རིམ་པའི་ལས་ཁུངས་བཅུ་ལྷག་གི་དབུ་ཁྲིད་དང་། དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་བརྙན་འཕྲིན་ཁང་། གྲོང་ཁྱེར་དྲིལ་བསྒྲགས་པུའུ། གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཉི་ཤུ་ལྷག་གི་དབུ་ཁྲིད་དག་སློབ་གྲྭའི་འཁྲུངས་སྐར་གྱི་དུས་སྟོན་དུ་ཞུགས།

མཛད་སྒོའི་ཐོག་ཏུ་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་དུ་ཕྱག་བཏབ་པ་པོ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སློབ་གྲྭའི་མཚན་འཛིན་སློབ་གཙོ་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་སློབ་གྲྭ་འདི་བཙུགས་པའི་དམིགས་ཡུལ་དང་དགོས་པ། བརྒྱུད་ཟིན་པའི་བགྲང་བྱ་བཅུ་ཡི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་མ་འོངས་པར་བགྲོད་དགོས་པའི་ལམ་བུ་ལ་ཐུགས་ཞིབ་མོས་བཀོད་སྒྲིག་གི་གསུང་བཤད་གལ་ཆེན་གནང་བ་དང་། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཞ་ལི་ནཱ་ཡིས་དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་ཚབ་བྱས་ནས་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་བགྲང་བྱ་བཅུ་ཡི་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་བས་མ་ཚད་དཀར་མཛེས་ཁུལ་རིམ་པའི་འབྲིང་རྒྱུགས་དང་གྲོང་ཁྱེར་དང་རྫོང་རིམ་པའི་མཉམ་རྒྱུགས་སོགས་སུ་ལོ་བསྟུད་མར་ཨང་དང་པོའི་རྒྱུགས་འབྲས་ཐོབ་བཞིན་ཡོད་པ་སོགས་སློབ་གྲྭའི་འདས་ཟིན་པའི་བགྲང་བྱ་བཅུ་ཡི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་རེད། སློབ་གཙོ་བདེ་སྐྱིད་གཡང་འཛོམས་ལགས་ཀྱིས་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བརྒྱུད་ཟིན་པའི་བགྲང་བྱ་བཅུ་ཡི་དགའ་སྐྱོ་འདྲེས་མའི་ཀྱག་ཀྱོག་གི་ལམ་བུ་སྟེ། 

          སྤྱི་ལོ༢༠༡༤ལོའི་ཟླ༡༡ཚེས༢༢ཉིན་གྱི་དར་མདོའི་ས་འགུལ་ཞེས་རྒྱལ་ཕྱི་ནང་ཀུན་ལ་ཤུགས་རྐྱེན་ཆེན་པོ་བཞག་པའི་རང་བྱུང་ས་འགུལ་གྱི་ཆག་སྒོ་དེས་གནོད་འཚེ་ཐེབས་ཡུལ་གཙོ་བོ་རང་རེའི་སློབ་གྲྭ་ཡིན་པ་དང་། ལོ་རེའི་དགུན་དཔྱིད་གཉིས་ཀྱི་དུས་ཚིགས་སུ་གངས་ཐན་སོགས་ཀྱིས་གནོད་འཚེ་རབ་དང་རིམ་པ་བྱུང་རུང་གོང་རིམ་ཏང་དང་སྲིད་གཞུང་།  འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་སོགས་ཀྱིས་ཐུགས་བརྩེ་བ་ཆེན་པོ་ཀུན་ནས་བསྐྱངས་བ་དང་། ས་གནས་མང་ཚོགས་དང་སློབ་གྲྭའི་དགེ་བཟོ་བ་དག་གིས་སྐྱིད་སྡུག་མཉམ་མྱོང་སོགས་ཀྱིས་བཀའ་དྲིན་ལས་ད་ལྟར་ཆག་སྒོ་དེ་དག་ལས་རྣམ་པར་རྒྱལ་ཏེ་ཀྱི་སློབ་གྲྭའི་སྔར་མེད་ཀྱི་སློབ་ཁྲིད་ཐོག་ཁང་དང་།  སློབ་མ་དང་དགེ་བཟོ་བའི་སྡོད་ཤག་ཐོག་ཁང་སོགས་སྔར་ལས་ལྡབ་འགྱུར་གྱིས་ལེགས་སུ་སོང་ཞིང་སློབ་གྲྭའི་སློབ་སྒྲུབ་ཀྱི་ཆ་རྐྱེན་འཐུས་ཚང་དུ་འགྲོ་བཞིན་ཡོད་ལ་བརྩོན་ལྡན་སློབ་མ་དང་བྱམས་ལྡན་དགེ་རྒན་དག་གིས་སྔར་ལྟར་ཉིན་མཚན་ལྟོས་མེད་དུ་ཤེས་རིག་གི་ཞིང་ཁམས་ནས་བརྩོན་པའི་གཤོག་ཟུང་རིང་དུ་རྐྱོང་བཞིན་ཡོད་པས། ངེད་སློབ་གྲྭའི་འདས་མ་ད་གསུམ་གྱི་ཁ་ཕྱོགས་ལ་མཛུབ་མོ་རི་སྟོན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཏང་དང་སྲིད་གཞུང་།  འབྲེལ་ཡོད་དབུ་ཁྲིད་དང་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་ཡོངས་ལ་བཀའ་དྲིན་ཞུས་པ་དང་། མ་འོངས་པར་མེས་རྒྱལ་དང་སྤྱི་ཚོགས། ཡུལ་སྡེ་བ་སོགས་ལ་ཕན་བདེའི་སྲི་ཞུ་སྒྲུབ་མཁན་གྱི་མི་སྣ་འབོལ་ཆེན་སྐྱེད་སྲིང་དང་གསོ་སྐྱོང་བྱ་རྒྱུ་སོགས་ཀྱི་གཏམ་བཤད་བྱས་པ་རེད།


       རྒྱ་བོད་དབྱིན་གསུམ་གྱི་སྐད་ལ་ཐོགས་རྡུགས་མེད་པའི་སློབ་རའི་རིག་རྩལ་མདོ་འཛིན་པ་དག་གི་སྨྲ་ལྕེ་དག་མོས་མདོ་འཛིན་གྱིས་རིག་རྩལ་བྱེད་སྒོ་དངོས་སུ་འགོ་བརྩམས་ཤིང་། ཡུལ་གསེར་རྟ་རྩྭ་ཐང་གི་གཞོན་སྐྱེས་གླུ་པ་མཆོད་རྟེན་དང་མདོ་སྨད་ཅོ་ནེའི་གླུ་མ་སྙིང་མོ་སྐྱིད། ཡུལ་མི་ཉག་རང་སའི་གླུ་པ་མི་ཉག་འཕྲིན་ལས།  སློབ་གྲྭ་རང་ནས་མཐར་ཕྱིན་པའི་གླུ་མ་མི་ཉག་དབང་མཚོ་སོགས་གླུ་པ་གླུ་མ་སྐོར་ཞིག་བྱེད་སྒོ་རུ་ཞུགས་ཤིང་གྲེ་འགྱུར་ངག་གི་མཆོད་པ་གཙང་མ་སློབ་གྲྭའི་བགྲང་བྱ་བཅུ་ཡི་འཁྲུངས་སྐར་ལ་ལེགས་པའི་སྐྱེས་སུ་ཕུལ།


      མི་ཉག་ནག་ལུང་ལྷ་སྡེའི་གནའ་བྲོ་དང་སློབ་རའི་སློབ་མའི་ཞབས་བྲོ། མི་ཉག་སྐོར་བྲོ། དགེ་སློབ་དག་གི་སྙན་པའི་གཞས་སོགས་རིག་རྩལ་བྱེད་སྒོ་རུ་འཛོམས་པའི་མི་ཉག་ལྷ་སྡེ་དག་གི་ལྟད་མོ་བ་ཁྲི་སྟོང་མང་པོའི་མིག་དབང་གི་བདུད་རྩི་དང་སྙན་དབང་གི་དཔལ་དུ་ཕུལ་ཡོད་པ་རེད།།


ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།

 http://www.tibetanms.cn/news/jyxw/2017-08-07/27968.html



上一篇:༄༅།།སྐབས་དང་པོའི་བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ལྷ་ས་ནས་འཚོགས།

下一篇:༄༅།།དཔེ་ཀློག་དང་སློབ་ཆེན།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1868955 位访客