ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་མཛད་འཕྲིན་གྱི་ཆེ་བ་མདོ་ཙམ་བརྗོད་པ་བུང་བའི་རང་སྒྲ།

发布时间:2017-09-14 04:57:30

ནང་དོན་མདོར་བསྡུས།  དཔྱད་རྩོམ་འདིར་ཆོས་རྗེ་མཆོག་གིས་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་ནས་མཁས་པའི་གོ་འཕངས་བརྙེས་ཚུལ་དང་། བླ་མའི་ལུང་བསྟན་ལྟར་ལྷ་རྟེན་ཆོས་གསུམ་གཙོས་དགོན་སྡེ་མང་དུ་བཞེངས་པའི་ཚུལ།  བཤད་སྒྲུབ་ཟུང་གིས་བུ་སློབ་བསྐྱངས་པའི་ཚུལ་དང་། སྤྲུལ་གཞི་མང་དུ་གྱེས་ཏེ་རྒྱལ་བསྟན་ཕྱོགས་སུ་སྤེལ་བའི་ཚུལ། གདུང་རྟེན་དཔག་བསམ་ལྗོན་པར་བྱིན་གྱིས་བརླབས་ཏེ་སེམས་ཅན་རྗེས་སུ་བཟུང་ཚུལ་དང་ཕྱོགས་ལྔའི་སྒོ་ནས་ཆོས་རྗེ་ཁོང་གི་མཛད་པ་མདོ་ཙམ་གླེང་ཡོད།

གནས་ཚིག    ཆོས་རྗེ།  དོན་གྲུབ་རིན་ཆེན།   མཛད་འཕྲིན། རིགས་པའི་དཔའ་བོ།   གདུང་རྟེན།

གླེང་གཞི།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་འཇམ་མགོན་བྱིས་པ་སྐྱོང་བའི་ཕ་གཅིག་ངེས་དོན་བསྟན་པའི་བདག་པོ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོ་མཆོག་གི་གསང་བ་གསུམ་གྱི་མཛད་འཕྲིན་ནི་ནམ་མཁའི་མཐའ་དང་མཉམ་པས།  ཕལ་བའི་སྐྱེ་བོ་དག་ལ་མཚོན་ན།  ལྕེ་བརྒྱར་སྤྲུལ་ནས་བསྐལ་བརྒྱར་བརྗོད་ཀྱང་རྒྱ་མཚོ་ཆེན་པོ་སྐྱོགས་ཀྱིས་བཅུ་བ་དང་ཀུན་ནས་མཚུངས་ཀྱང་།  རང་བློའི་དད་སྟོབས་ཀྱི་ཀུ་ཤུའི་རྩེ་མོས་ཆུ་ཐིགས་ཙམ་ཞིག་འགྲེམས་པར་འདོད་པ་ནི།  གཅིག་ན།  རང་ཅག་ཐུན་མོང་བའི་སྣང་ངོར་རིགས་པའི་དཔའ་བོ་དེ་ཉིད་བསམ་བཞིན་འཇམ་མགོན་བླ་མ་སྐྱོང་བའི་ཡོངས་འཛིན་དུ་བཞེངས་ཏེ།  རྒྱལ་བ་གཉིས་པ་རིགས་ཀྱི་མྱུ་གུ་ལྟར་ལེགས་པར་བསྐྱངས་ནས་སེམས་ཅན་རྗེས་སུ་བཟུང་བའི་བཀའ་དྲིན་རྗེས་སུ་དྲན་པ་དང་།  གཉིས་ན།  དེང་གི་བླ་སློབ་དག་ལ་མཚོན་ནའང་སློབ་མ་རྗེས་སུ་འཛིན་པ་དང་།  བླ་མ་ཚུལ་བཞིན་བསྟེན་ཚུལ་ནི་འཇིག་རྟེན་ཀུན་གྱི་དཔེ་ལྟོས་ཉག་གཅིག་ཏུ་སྔོན་བྱོན་མཁས་དབང་མང་པོས་མགྲིན་དབྱངས་གཅིག་གིས་བསྔགས་པས་ན།  ཁ་མིག་ཡར་ལྟོས་ཀྱི་དགེ་བ་བསམ་གྱིས་མི་ཁྱབ་པ་དང་།  གསུམ་ན། སངས་རྒྱས་དངོས་དང་མཉམ་པའི་རླབས་ཆེན་གྱི་སྐྱེས་བུ་དེ་དང་དེ་འདྲ་དག་གི་མཛད་རྣམ་ཕྲན་བུ་ཙམ་ཡང་བརྗོད་སྐལ་བྱུང་བ་འདི་ནི་བསྐལ་བ་དང་ལྡན་པར་ཀུན་ནས་སེམས་ཏེ།  དཔྱད་རྩོམ་འདི་འབྲི་བའི་ངལ་བ་རང་ཁུར་དུ་བླངས་ཏེ་བྲི་བར་བྱ་བ་ལ།  མཛད་རྣམ་གྱི་ཆེ་བ་གཙོ་བོ་ཕྱོགས་ལྔ་རུ་བསྡུས་ནས་ཤེས་ལྡན་པ་དག་གི་སྙན་དུ་ཞུ་བ་ལགས།

དང་པོ།   ཐུགས་བརྩོན་རླབས་པོ་ཆེས་ཀུན་ནས་བསླངས་ཏེ་དཀའ་བ་མང་པོ་ཁྱད་དུ་བསད་ནས་རྒྱ་ཆེན་ཐོས་པ་བཙལ་ཏེ་མཁས་པའི་དབུ་འཕང་བརྙེས་པའི་ཆེ་བ།

དམ་པ་འདིའི་འཁྲུངས་གཞིས་ཐད་དུ་བཞེད་དགོངས་མི་འདྲ་བ་ཡོད་མོད།  བདག་ནི་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་འཕགས་པ་རྟག་ངུའི་རྟོགས་བརྗོད་ཀྱི་འཆད་ཁྲིད་སྒྲ་ཐག་ཏུ་ཕབ་པ་ཡི་གེར་ཕབ་པ། <<བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་སྙན་དངགས་དཔག་བསམ་གྱི་ལྗོན་པ་དང་དེའི་འགྲེལ་བཤད་ཉིན་མོའི་སྣང་བ>>ལས། བྱ་ཁྱུང་དགོན་པ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་གིས་ཐོག་མར་བཏབ་པ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་འཁྲུངས་ཡུལ་ནི་རེབ་གོང་དོར་ཉིན་ཞེས་པ་དེ་ནས་འཁྲུངས་པ་དང་། ཁོང་གིས་སྦྱངས་པ་བྱེད་ས་ནི་སྙེ་ཐང་དང་སྣར་ཐང་དགོན་ཡིན།[1]ཞེས་དང་། <<བྱང་བླ་མ་ཆོས་ཀྱི་རྒྱལ་བོའི་གདན་ས་ཁ་ཏི་ཀའི་རྟེན་གཙོ་རྗེ་རྩ་ཐང་གཞན་ཕན་ཆེན་མོའི་ལོ་རྒྱུས་མདོར་བསྡུས་བསོད་ནམས་ཆུ་གཏེར་འཕེལ་བའི་ཟླ་ཟེར>>ལས་ཀྱང་།  མཆིམས་བློ་བཟང་གྲགས་པའི་སློབ་མ་རོང་བོ་དོར་རི་ཉིན་པ་ཆོས་རྗེ་དོན་གྲུབ་རིན་པའི་སྐུ་དྲུང་དུ་ཡབ་ཀྱིས་བསྐྱལ་ནས་ཀློག་པ་ཐོས་བསམ་གྱི་ལས་ལ་ཞུགས། [2] ཞེས་གསལ་བོར་གསུངས་ཡོད་པ་བཞིན།  ཁོ་བོས་ནི་རེབ་གོང་དོན་རིན་ཉིན་དུ་འཁྲུངས་པའི་དགོངས་བཞེད་གཞིར་བཟུང་པ་ཡིན་ལ། <<བྱ་ཁྱུང་གདན་རབས>>ལས། ངག་རྒྱུན་ཙམ་ལས་རང་ལུགས་དངོས་རང་ལུགས་དངོས་མ་བཀོད་པའི་རྒྱུ་མཚན་བང་བཅས་པ་ནི། བདག་གིས་བྲིས་པའི་<<མཉམ་མེད་ཙོང་ཁ་བ་ཆེན་པོའི་ཡོངས་འཛིན་དམ་པ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོའི་འཁྲུངས་གཞིས་ལ་དཔྱད་པ་ནོར་བུའི་རང་མདངས>>ཞེས་པར་གསལ་བོར་བཀོད་ཡོད། ཆོས་རྗེ་ཁོང་ཉིད་ཀྱིས་རང་གི་ཁུ་བོ་བསེ་གསང་བ་ལྷུན་གྲུབ་རྒྱ་མཚོའི་མདུན་ནས་དགུང་ལོ་ལྔ་ནས་བཅོ་ལྔའི་བར་དགུང་ལོ་ཧྲིལ་བོ་བཅུ་ལྷག་གི་རིང་ལ་མགོ་ཀ་ཁ་ནས་བཟུང་སྟེ་ཆོས་སྤྱོད་ཀྱི་ཆོ་ག་དང་བཅས་པའི་ཤེས་བྱའི་གནས་ལ་ལེགས་པར་སྤྱངས་ཤིང་།  དགུང་ལོ་བཅོ་ལྔའི་ཐོག་ཁུ་བོ་ལྷུན་གྲུབ་རྒྱ་མཚོའི་རྟིང་སྐུལ་ལ་རྐྱེན་བྱས་ནས་ལམ་གྱི་དཀའ་བ་ཁྲི་སྟོང་སྣང་མེད་དུ་བསྐྱུར་ཏེ་ཁམས་ཕྱོགས་བརྒྱུད་ནས་དབུས་སུ་ཕེབས་ཏེ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་མགོ་བརྩམས་ཤིང་། ཐོག་མར་སྙེ་ཐང་དུ་བྱོན་ནས་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་།  དེ་ནས་སྣར་ཐང་དུ་བྱོན་ཏེ་ལྡོང་སྟོན་རིགས་པའི་སེང་གེ  རོང་གི་བླ་མ་ཡེ་ཤེས་དཔལ་བ་སོགས་ས་སྐྱ་བ་དང་བཀའ་བདམས་པ། རྙིང་མ་བའི་མཁས་པའི་དབང་བོ་དུ་མའི་ཞབས་པད་ཡོངས་སུ་བསྟེན་ནས་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་རབ་འབྱམས་ལ་ཡོངས་སུ་སྦྱངས་པ་འདི་ཡང་སྔ་ན་མེད་པའི་རྣམ་ཐར་ཡིན་ཏེ། ཁོང་གིས་རྒྱ་ཆེན་ཐོས་པ་ཅི་ལྟར་བཙལ་བའི་ཐུན་མིན་གྱི་རྣམ་ཐར་འདི་དག་གིས་རང་གི་སྤྱན་འབྲས་ལྟ་བུའི་མཉམ་མེད་ཙོང་ཁ་བ་ཆེན་པོ་དང་། རྗེས་འཇུག་གི་རི་བོ་དགེ་ལྡན་པའི་བཤེས་གཉེན་བསྟེན་ཚུལ་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་དེ། དཔེར་ན། <<བྱ་ཁྱུང་གདན་རབས>>ལས། དེའི་ཚེ་རིགས་པའི་གནས་ཀྱི་དགག་སྒྲུབ་ཅུང་ཟད་འཆར་དཀའ་བ་བྱུང་བ་ལ། ཞྭ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་། ཞབས་ལ་ཁྲག་རྡོལ་གྱི་བར་ཉིན་མཚན་སྐོར་བ་མཛད་པས་བློ་གྲོས་ཀྱི་ནུས་པ་ཡ་ཚད་འཁྲུངས་ཏེ་རིག་པའི་གནས་ལ་ཐོགས་པ་མེད་པར་གྱུར་ནས། རྩོད་པ་བཟང་བའི་མཆོག་ཏུ་གྲགས་པ་བྱུང་། མཐུན་རྐྱེན་དཀོན་པོ་བྱུང་ཡང་སྣར་ཐང་བའི་སྐྱོ་ཚུལ་ལ་བརྟེན་ནས་ལེགས་པར་སྦྱངས།[3]ཞེས་འབྱུང་བ་ལྟར། ཐུགས་བརྩོན་ནམ་མཁའ་དང་མཉམ་པས་བསགས་སྦྱངས་ལ་བརྟེན་ནས་སློབ་གཉེར་ལ་གཞོལ་བ་དང་། འཚོ་བའི་མཐུན་རྐྱེན་དཀོན་པོ་བྱུང་ཡང་རྡོ་རུས་ལ་ཐུག་པའི་སྤོབས་པས་ཀུན་ནས་བརྟས་ཏེ་ལེགས་པར་སྦྱངས་པས་རིག་པའི་གནས་ལ་ཐོགས་པ་མེད་པར་གྱུར་ཅིང་། ཞྭ་ལུར་གྲྭ་སྐོར་ལ་བྱོན་དུས་བུ་སྟོན་ཐམས་ཅད་མཁྱེན་པ་དང་མཇལ་ཏེ་ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ཏེ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་པའི་མཚན་བཏགས་བཞེས་པ་ཇི་ལྟ་བ་བཞིན། རྗེ་ཙོང་ཁ་བས་ཀྱང་རང་གི་བླ་མའི་འབྱུང་འགྱུར་ལུང་བསྟན་གྱི་བཀའ་གསུང་གཙིགས་སུ་བཀུར་ནས་དབུས་གཙང་ཆོས་ཀྱི་ཞིང་དུ་བྱོན་ནས་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་བཞི་བཅུ་ལྷག་གི་ཞབས་ལ་གཏུགས་ཏེ་སྐུ་ཚེ་སྟོད་དུ་ལོངས་སྤྱོད་ཀྱིས་དབུལ་བ་དང་། འཚེ་བ་དང་སྙུན་མང་བ་སོགས་ཀྱི་བར་ཆད་མང་དུ་བྱུང་ཡང་གཞུང་ལུགས་མཐའ་དག་ལ་རིས་སུ་མ་ཆད་པར་སྦྱངས་ཤིང་། བསགས་སྦྱང་གནད་ཆེ་བར་དགོངས་ཏེ་འགྲུས་པར་མཛད་པ་ནི། <<རྣམ་ཐར་དད་པའི་འཇུག་ངོགས་>>ལས། རྗེ་རིན་པོ་རང་གིས་ཀྱང་། ལྟུང་བཤགས་བརྒྱ་ཕྲག་དང་བཅས་པ་དང་། ཕྱག་སོར་གྱི་རྩེ་མོ་རྣམས་སེར་ཁར་སོང་གི་བར་དུ་མཎ་ཌལ་འབུལ་བ་སོགས་ལ་དཔག་པར་དཀའ་བའི་བརྩོན་པ་དྲག་པོ་མཛད་ཅིང་།[4]ཞེས་འབྱུང་བ་ལྟར། ཕྱག་འབུམ་ཐེར་སོ་ལྔ་ལ་སོགས་ཕུལ་ཏེ་ཞབས་རྗེས་རྡོ་ལ་བབས་པ་དེང་སང་ཡང་ཀུན་གྱི་མཐོང་སྣང་དུ་ཡོད་པ་འདི་ལགས། འདི་ལྟར་རང་གི་སློབ་དཔོན་གྱི་ཕྱག་སྲོལ་ལྟར། ཐོས་བསམ་རྒྱ་ཆེར་བཞེས་ཏེ་མཁས་པའི་གོ་འཕང་བརྙེས་པས། གངས་ཅན་མཁས་པའི་གཙུག་རྒྱན་ཞེས་པའི་མཚན་བཏགས་བཞེས་པ་ནི་ཆོས་རྗེ་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་ཐར་ལགས། གོང་གསལ་གདན་རབས་ལས། ཡབ་ཆོས་སྡིངས་འདེབས་མཁན་སྐྱེས་མཆོག་རྟོགས་ལྡན་པ་ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་སྒྲུབ་པ་ལ་བྱོན། ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ། སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཞི་གནས་ཀྱི་མྱོང་བ་ཁྱད་པར་ཅན་འཁྲུངས།[5]ཞེས་འབྱུང་བ་བཞིན། ཕྱིས་སུ་མདོ་སྨད་དུ་ཕེབས་ནས་ཀྱང་བྱ་ཁྱུང་དགོན་གཙོས་སྐུ་འབུམ་ཆུ་དཀར་རི་ཁྲོད་དང་ཤ་བ་རི་རྫོང་སོགས་ནས་ཀྱང་བསྟན་ལ་གཅིག་ཏུ་སྨན་པའི་ཉམས་བཞེས་ཀྱིས་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་མཛད་པ་ནི་ལྟ་སྒོམ་སྤྱོད་པའི་ཐུན་མིན་གྱི་རྣམ་ཐར་བསྐྱངས་པ་ནི། དཔེར་ན། དེང་གི་སྐབས་བཞིན། རང་གི་གྲུབ་མཐའ་ཙམ་དང་། གྲུབ་མཐའི་རིང་ལུགས་ཙམ་གྱི་ཞེན་ཁོག་གིས་གཞན་ལུགས་ཁྱད་དུ་གསོད་པ་མ་ཡིན་པར།  ས་དགེ་བཀའ་རྙིང་གི་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་མཐའ་དག་ལ་ལེགས་པར་སྦྱངས་ནས།  ཡོད་ཚད་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་ཞབས་འདེགས་སུ་རེ་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་ཡོངས་སུ་བསྔོ་བ་ནི་གྲུབ་མཐའ་ཐམས་ཅད་འགལ་མེད་དུ་རྟོགས་པའི་མཁས་པའི་ཆེ་བ་ལགས་སོ།།

གཉིས་པ། བླ་མའི་ལུང་བསྟན་ལྟར་ལྷ་རྟེན་ཆོས་གསུམ་གྱི་དགོན་སྡེ་མང་དུ་བཞེངས་ནས་སེམས་ཅན་ལ་བསོད་ནམས་ཀྱི་ཚོགས་ཞིང་རྒྱ་ཆེར་བསྐྲུན་པའི་ཆེ་བ།

ཆོས་རྗེའི་རྣམ་ཐར་དག་ཏུ་གསལ་བོར་བཀོད་ཡོད་པ་ནི། བླ་མའི་ལུང་བསྟན་བཞིན་ཤ་སྦྲང་དགོན་དང་། བྱ་ཁྱུང་དགོན་བཏབ་པའི་རྣམ་ཐར་ཕྲན་བུ་རེ་བཀོད་འདུག་པ་ལས། དགོན་སྡེ་གཞན་བཏབ་པའི་ལོ་རྒྱུས་གསལ་ཁ་ཅན་ཤིན་ཏུ་ཉུང་མོད། དོན་ལ་ནི་དགོན་སྡེ་འདི་གཉིས་གཙོས་དགོན་པ་དང་ལྷ་རྟེན་མང་དུ་བཞེངས་པར་མངོན་ཏེ། མཆིམས་བློ་བཟང་གྲགས་པའི་ཞལ་ནས། ཁྱད་པར་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས། ཞེས་པའི་ཚིག་གི་བབས་ལ་བལྟས་ནའང་དགོན་སྡེ་གཞན་འབྱུང་སྲིད་པའང་ཞོར་ན་ཐོན་ཡོད་པས། <<རོང་བོ་དགོན་ཆེན་གྱི་གདན་རབས>>ལས། སྐབས་འདིར་སྤྱིར་དགེ་འདུན་གྱི་འདུས་སྡེ་ཆེན་པོ་ཞིག་ཚུགས་མེད་པ་ལས་ཆུང་ངུ་མང་དུ་ཡོད་དེ། ཆོས་རྗེ་དོན་གྲུབ་རིན་ཆེན་ཁོ་ནས་ཀྱང་ཕྱོགས་འདིར་དགོན་སྡེ་མི་ཉུང་བ་སྐྲུན་བཞིན་པའི་སྐབས་དང་། སྡེ་བ་རེ་ལ་མཆོད་གནས་ཀྱི་དགོན་པ་ཆུང་བ་རེ་ཡོད་པ་མང་ཞིང་འཆད་ཉན་ཀྱང་ཅུང་ཟད་རེ་ཡོད།[6]ཅེས་འབྱུང་བ་བཞིན། བྱ་ཁྱུང་གདན་རབས་ལས། སྙེ་ཐང་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་དབུས་སུ་ཕེབས། འོན་ཀྱང་དེ་དུས་གདན་ས་བ་བསྐོས་ཚར་བས་གདན་སའི་སྟབས་མ་འཕྲོད་ཀྱང་། ཡོ་བྱད་མང་དུ་བསྣམས་བྱོན་པ་རྣམས་ཀྱིས་བདེ་བ་ཅན་དང་། སྣར་ཐང་སོགས་སུ་དགེ་འདུན་ལ་སྲི་ཞུ་རྒྱ་ཆེར་བསྒྲུབས། ཞེས་འབྱུང་བ་ལྟར། ཐེངས་གཉིས་པར་དབུས་སུ་ཕེབས་སྐབས་འབུལ་ནོར་མང་དུ་བྱུང་བ་བསྣམས་པ་ཐམས་ཅད་བདེ་བ་ཅན་དང་སྣར་ཐང་ཕྱོགས་ཀྱི་རྟེན་བཞེངས་དང་དགེ་འདུན་གྱི་སྲི་ཞུར་ཕུལ་བ་དང་། ཕྱག་རྫས་ལྷག་མ་ཅི་ཡོད་བླ་མར་ཕུལ་ནས་སྒྲུབ་པ་རྩེ་གཅིག་གིས་རྣལ་འབྱོར་གྱི་བརྟུལ་ཞུགས་ཤ་སྟག་བཞེས་ཤིང་། སླར་མདོ་སྨད་དུ་བྱོན་ནས་རེབ་གོང་ཕྱོགས་ཀྱི་རུ་སྡེ་མང་པོར་རྟེན་སྐལ་སྦྱིན་ནས་མཆོད་གནས་ཀྱི་འདུ་ཁང་རེ་བཞེངས་སུ་བཅུག་པ་དང་། རང་གིས་ཕྱག་རྒྱུ་ཕུལ་ནས་བཞེངས་པ་མང་སྟེ། དཔེར་ན། རེབ་གོང་སྟེང་གི་གཞི་མ་དགོན་དང་། སྤེན་དཀར་ཐང་དགོན་གཉིས་ཀྱང་ཆོས་རྗེ་མཆོག་གིས་བཏབ་པར་མངོན། དགོན་པ་དེ་གཉིས་ཀྱི་ཐོག་མའི་འདེབས་མཁན་ཐད་བཞེད་པ་མི་མཐུན་པ་ཡོད་དེ།   <<མདོ་སྨད་ཆོས་འབྱུང>>དུ།  རེབ་གོང་བར་དུ་གཏོགས་པ་སྟེང་ཀའི་གཞི་མ་ཆོས་རྗེ་དོན་རིན་པ་བྱ་ཁྱུང་གི་གནས་འཚོལ་ཆེད་བྱོན་པའི་གཞི་མ་འདིར་བཞག་པས་དེ་ལྟར་ཐོགས་ཤིང་།    དགོན་སྡེ་ཆགས་ཞེས་བཤད་ཀྱང་།  བསེ་སྟོན་གྱིས་བཏབ་པའི་ལོ་རྒྱུས་གཤམ་ནས་འབྱུང་ལ།  གྲུབ་ཆེན་དེ་ཉིད་ཀྱི་སྐྱེ་རྒྱུད་དུ་གྲགས་པ་ཆུ་མའི་བླ་དཔོན་ཟུང་འབྲེལ་སྒ་རུ་ཞབས་དྲུང་བློ་བཟང་བདུད་འཇོམས་དང་།  སྨན་ཐང་བའི་རི་མོའི་ལུགས་འཛིན་སྒ་རུ་ལྷ་བཟོ་བློ་བཟང་ཤེས་རབ་ལ་སྐྱེ་རྒྱུད་ཡོད།[7] ཅེས་དང་།  སྤེན་དཀར་ཐང་དགོན་པ་རྗེ་སྐལ་ལྡན་རས་པས་བཏབ་ཟེར།  ད་ལྟ་ཤར་སྐུ་ཕྲེང་གིས་འཛིན་བདག་མཛད།  ཅེས་འབྱུང་།  <<རོང་བོ་གདན་རབས>>ལས།  སྟེང་ཀའི་གཞི་མ་ཐུབ་བསྟན་ཆོས་གླིང་ནི།  གོང་དུ་བཤད་ཟིན་པ་ལྟར་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་བོས་ཕྱག་འདེབས་གནང་།  བསེ་རྒྱལ་མཚན་འབུམ་དང་ཧོར་བཟའ་དར་མཚོ་གཉིས་ལ་སྲས་བཞི་འཁྲུངས་པའི་གསུམ་པ་བསེ་རྒྱལ་བ་བྱང་ཆུབ་ཏུ་གྲགས་པའི་གྲུབ་ཆེན་སེ་ཀུ་ཡུལ་ལྷའི་རྒྱལ་བོའི་བླ་མཆོད་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་ཀྱང་ཡིན། དེ་ནས་གྲུབ་ཆེན་དེ་ཉིད་ཀྱི་ཡང་སྤྲུལ་ཆུ་མའི་བླ་དཔོན་ཟུང་འབྲེལ་སྒ་རུའི་ཞབས་དྲུང་བློ་བཟང་བདུད་འཇོམས་དང་། སྨན་ཐང་བའི་རི་མོའི་ལུགས་འཛིན་སྒ་རུའི་ལྷ་བཟོ་བློ་བཟང་ཤེས་རབ། ཡ་མ་རཱ་ཛ་དུང་ཕྱུར་བཟླས་པར་མཛད་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་ཆེན་པོ་སྒར་བའི་རབ་འབྱམས་པ་སོགས་ཀྱིས་བསྐྱངས།[8] ཞེས་དང་། ཡང་དེ་ཉིད་ལས། སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་ནི།  ད་ལྟའི་དགོན་པ་འདིའི་མདུན་གཡས་ཀྱི་མཚམས་ཐོ་གྱའི་གོང་ཁའི་ཉག་ག་ལ་ཐུག་གི་བར་སྔོན་ཆད་སྤེན་མ་དཀར་བོ་ཁང་ཤིང་དུ་རན་པ་རྒྱས་པས་གང་འདུག་པས་ན་ས་ཆའི་མིང་ལ་དེ་སྐད་ཟེར་ཞིང་།  ལྷ་རི་ཡེར་ཐོའི་ངོས་ཐམས་ཅད་ཀྱང་ནགས་ཡིན་པའི་དུས་སུ་དགོན་པ་འདི་གཞི་ཆགས་པ་ཡིན་འདུག་སྟེ།  སྤྱི་སོ་རྙིང་བའི་གདུང་མ་སོགས་རི་དེའི་ནགས་ཡིན་ལུགས་ཀྱི་ལོ་རྒྱུས་གསལ་ཞིང་།  ཉེ་འཁོར་གྱི་ལྷ་སྡེའི་ནང་དུ་ཡང་ནགས་དེ་ག་ནས་བླངས་པའི་ཤིང་སྡོང་གི་ཁང་བ་མ་ཉམས་པ་ད་ལྟ་ཡང་ཡོད་དོ།།   དང་བོའི་གཞི་འཛིན་ནི།  ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ཟེར་སྲོལ་བྱུང་ལ་བདག་གི་བླ་མ་རིན་པོ་ཆེ་མཁས་ཤིང་གྲུབ་པའི་དབང་ཕྱུག་སྟོན་སྒོམ་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས།  སྔོན་ཆད་བྱ་ཁྱུང་གི་རྟེན་ཡིག་ཅིག་གི་ཁྲོད་ནས་ཆོས་རྗེ་རིན་པོ་ཆེས་བཏབ་པའི་སྤེན་དཀར་ཐང་དགོན་པ་ཞེས་འདུག་པ་གཟིགས་ཚུལ་གྱི་གསུང་སྒོ་ཕེབས་ཀྱང་ད་ལྟ་ཁུངས་གསལ་བོ་རྩད་མི་ཆོད།  ཡོངས་སུ་གྲགས་པ་ལ་འཇམ་ཏཱ་བླ་མ་ཟེར་བ་ཞིག་གིས་གཞི་འཛིན་བྱས་ཚུལ་གྱི་བཤད་ཚུལ་ཡང་ཡོད་ལ།  འདུ་ཁང་རྙིང་བའི་ནང་དུ་བླ་མ་དེ་ཉིད་ཀྱི་འདྲ་སྐུ་ཡང་བཞུགས་པས་ན་ཐོག་མའི་གཞི་འཛིན་ནམ་ཐོག་མའི་སྐྱོང་ཁུར་བ་གང་རུང་ཡིན་དགོས་འདུག[9]ཅེས་ལྟ་བ་གཙོ་བོ་གཉིས་བཀོད་འདུག་པ་ལས།  སྟེང་ཀའི་གཞི་མ་ནི་བསེ་ཡི་རྒྱལ་བ་བྱང་ཆུབ་ཀྱིས་བཏབ་ཟེར་བའི་གཏམ་འདི་ནི་གནས་ལུགས་ཅན་དུ་མཐོང་དཀའ་སྟེ།  བསེ་ཡི་རྒྱལ་བ་བྱང་ཆུབ་ནི་ཚེ་དང་མཉམ་པའི་སྒྲུབ་པ་མཛད་མཁན་གྱི་གྲུབ་ཐོབ་པ་ཞིག་ཡིན་པས། སྐྱ་རྒན་སྣེ་མོའི་སྒྲུབ་ཕུག་ལས་དོན་རིན་དཔལ་གྱི་རི་བོ་དང་།  དེ་མིན་སྟེང་ཀའི་གཞི་མའི་གནས་འདི་ཡང་ཞབས་ཀྱིས་བཅགས་ཏེ་བྱིན་བརླབས་ཀྱིས་པའི་སྒྲུབ་གནས་ཀྱི་གནས་བྱིན་ཅན་དུ་འདུག་ཀྱང་།  དགོན་པ་བཏབ་པ་མཐོང་དཀའ་སྟེ།  རྒྱུ་མཚན་ཅི་ཡིན་ཞེ་ན།  བསེ་ཡི་རྒྱལ་བ་བྱང་ཆུབ་དང་ཕལ་ཆེར་དུས་མཉམ་དུ་བྱུང་བའི་རེབ་གོང་གྲུབ་ཆེན་བདུན་པོ་གཞན་དག་གིས་ཀྱང་སྐུ་ཚེ་གང་བོར་སྒྲུབ་པ་ཉམས་ལེན་གྱིས་རང་གཞན་གྱི་དོན་རྒྱ་ཆེར་བསྒྲུབས་པ་ལས།  དགོན་པ་བཏབ་པའི་ལོ་རྒྱུས་དེབ་ཐེར་གང་ནའང་མཐོང་རྒྱུ་དཀོན་པ་དང་གཅིག   <<རེབ་གོང་ལོ་རྒྱུས་ཆེན་མོ>>ལས།  དུས་རབས་བཅུ་བཞི་བའི་ནང་ཆོས་རྗེ་དོན་གྲུབ་རིན་ཆེན་ཉིད་ལྷ་དང་བླ་མའི་ལུང་བསྟན་ལྟར་བྱ་ཁྱུང་དགོན་པ་གསར་འདེབས་ཀྱི་ཕྱིར་ཕེབས་ཁར།  འཇམ་ཏཱ་བླ་མ་ཚུལ་ཁྲིམས་རིན་ཆེན་གྱིས་གདན་དྲངས་པ་ལྟར་སྤེན་དཀར་ཐང་དུ་ཕེབས་ནས་རབ་བྱུང་གི་སྡེ་གསར་དུ་བཙུགས་པ་དང་།  དགོན་མིང་ལ་སྤེན་དཀར་ཐང་ཐུབ་བསྟན་ཕུན་ཚོགས་ཆོས་འཁོར་གླིང་ཞེས་བཏགས་ནས་ཕྱག་འདེབས་མཛད།  གྲུབ་མཐའ་བཀའ་གདམས་པ་དང་ཕྱིས་སུ་དགེ་ལུགས་པར་གྱུར།    འཇམ་ཏཱ་བླ་མ་ཚུལ་ཁྲིམས་རིན་ཆེན་གྱིས་ལུགས་གཉིས་ཀྱི་སྒོ་ནས་བདག་སྐྱོང་གནང་།[10]ཞེས་བཀོད་ཡོད་པ་དང་གཉིས། གཞན་ཡང་རེབ་གོང་ལོ་རྒྱུས་ཆེན་མོའི་ས་བོན་དུ་ཡབ་རྗེ་བརྒྱད་པ་ཆེན་པོར་ཕུལ་བའི་ཡིག་ཚགས་དེ།  སོ་ནག་ཨ་ཁུ་བརྩོན་འགྲུས་བརྒྱུད་ནས་ཐེངས་གཅིག་བལྟས་མྱོང་བའི་ཡིག་ཚགས་ནང་དོན་རིན་པའི་ལོ་རྒྱུས་ཀྱི་སྐབས་སུ། དེའི་ཤོག་ངོས་རེ་དྲུག་ན་འདི་ལྟར་འཁོད་ཡོད་དེ། ས་དེར་ཆོས་རྗེ་ཉིད་ཀྱི་ན་བཟའ་ཆ་ཚང་གཅིག་ནང་རྟེན་དུ་བྱས་ཏེ་ས་འབུམ་གཅིག་བཞེངས།  དེ་ནས་གསེར་ལྗོངས་གཡའ་རི་རོལ་བོའི་མདུན་ངོས་གཡས་ཕྱོགས་ཆུ་འགྲམ་དུ་སྒྲུབ་པ་མཛད་ཅིང་སློབ་མ་སྐྱ་སེར་ལྔ་ལ་དབང་ལུང་གནང་བས།  གསུམ་རབ་ཏུ་བྱུང་སྟེ་ས་དེར་རི་ཁྲོད་པའི་དགོན་པ་ཞིག་བཏབ། ཅེས་འདུག་མོད།  སྔགས་མང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་རུས་མཛོད་དུ་ཚིག་འདི་དག་བཀོད་མེད་པའི་རྒྱུ་མཚན་མ་ཤེས།  གོང་གསལ་རུས་མཛོད་ཀྱི་ཚིག་དོན་ལ་བལྟས་ན།  གསེར་ལྗོངས་གཡའ་རི་རོལ་བོ་ནི་ཆུ་མའི་བསེ་མགུར་གྱི་གནས་རི་འདི་ཡིན་ལ།  དེའི་མདུན་ངོས་གཡས་ཕྱོགས་ནི་སྟེང་ཀའི་གཞི་མའི་གནས་འདི་ཡིན་ཞིང་།  དེ་དུས་མཚམས་པ་འགའ་རེ་མཚམས་ལ་བཞུགས་ས་ཙམ་ལས་དགོན་པ་ཆགས་མེད་པ་རྟོགས་ཐུབ་ཅིང་། གལ་ཏེ་བསེ་རྒྱལ་བ་བྱང་ཆུབ་ཀྱིས་དགོན་པ་ཞིག་བཏབ་པ་ཡིན་ན། ཆུ་མའི་རུས་མཛོད་ལྟར་ན་འདི་དུས་སུ་བསེ་ཡི་རྒྱལ་བ་བྱང་ཆུབ་མྱ་ངན་ལས་འདས་ཏེ་ལོ་བརྒྱ་དང་བཅུ་ལྷག་ལས་མ་འདས་པས་དགོན་པ་ཡོད་ངེས་པས་རི་ཁྲོད་པའི་དགོན་པ་ཞིག་བསྐྱར་འདེབས་ཀྱི་དགོས་པ་མེད་དོ། (བསེ་ཡི་རྒྱལ་བ་བྱང་ཆུབ་ནམ་འཁྲུངས་ཐད་དུ་བཞེད་པ་མི་མཐུན་པ་ཡོད་དེ། དཔེར་ན་རེབ་གོང་གནས་སྐོར་དེབ་ཐེར་དུ། མེ་མཁའ་རྒྱ་མཚོའི་སྨད་ཙམ་ལ་རེབ་གོང་དོ་རི་ཉིན་ནས་ཡབ་རྒྱལ་མཚན་འབུམ་དང་ཡུམ་དངོས་གྲུབ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཞེས་བཀོད་འདུག བདག་གིས་རུས་མཛོད་ལས་བྱུང་བའི་ལོ་ཚིགས་ལ་གཞི་བྱས་པ་ཡིན།) ཆོས་རྗེ་དོན་རིན་པས་མཚམས་པ་དེ་དག་ལ་རྐྱེན་བྱས་ཏེ་རི་ཁྲོད་ཀྱི་དགོན་པ་ཞིག་བཏབ་པ་རྟོགས་ཐུབ་ཅིང་།  དེའི་སྔོན་ལ་མཚམས་ཁང་སྒྲུབ་ཁང་ཙམ་ལས་འདུ་ཁང་དང་མགོན་ཁང་སོགས་འཛོམས་པའི་དགོན་པ་ཆགས་མེད་པའང་གཞི་ནས་རྟོགས་ཐུབ།  གལ་ཏེ་ཆགས་ཡོད་ན་སྔར་གྱི་དགོན་ཤུལ་གྱི་ངག་རྒྱུན་གྱི་གཏམ་ཆག་རེ་ཡང་དམངས་ཁྲོད་དུ་འཇགས་སྲིད་ཀྱང་དེ་འདྲའི་བཤད་རྒྱུན་མེད་ཅིང་། དེ་ནི་ཡུལ་རེབ་གོང་གི་གསང་སྔགས་རྙིང་མའི་དགོན་སྡེ་སྔ་ཤོས་སུ་གྱུར་ཡོད་པས་ལོ་རྒྱུས་ཕྲན་ཙམ་རེ་མི་འབྱུང་བ་ནི་མི་སྲིད་དོ།། དེ་བས།  <<མདོ་སྨད་ཆོས་འབྱུང>>ལས།  སྟེང་ཁར་དགོན་པ་བཟུང་བའི་གཙུག་ལག་ཁང་གི་ཤིང་ཆ་དམ་ཅན་ལ་གཏད།  ཆུ་འཁོར་ཕབ་སྟེ་ནགས་ཆེན་པོ་ཆུ་གཞུང་ལ་དྲངས་ཟེར།[11] ཞེས་པ་དང་།  <<རོང་བོ་གདན་རབས>>ལས།  སྟེང་ཀའི་གཞི་མ་དགོན་པའི་གཞི་འཛིན་སྐབས་ཤིང་ཆ་ཐམས་ཅད་བསེའི་རུས་ལྷ་དམ་ཅན་རྡོ་རྗེ་ལེགས་པ་ལ་གཏད་པས་ཆུ་འཁོར་ཆེན་པོ་ཕབ་ནས་བྲག་སྐྱ་ཟེར་བའི་རི་ངོས་ཀྱི་ཤིང་སྡོང་ཆེ་ཆུང་མང་བོ་ཆུ་གཞུང་ལ་དྲངས་ཏེ་དགོན་གནས་གཡས་ཕྱོགས་ཀྱི་སྤང་ཐང་ཞིག་ཏུ་སྤུངས་པས་གཙུག་ལག་ཁང་བཞེངས་རྒྱུ་བཞེད་པ་བཞིན་གྲུབ་པ་བྱུང་།[12] ཞེས་འབྱུང་བ་ཡང་།  སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་མཚམས་པ་དག་ལ་མཚམས་ཁང་ལེགས་ཤོས་ཀྱི་མཐུན་རྐྱེན་བཞེད་པ་ལྟར་གྲུབ་པར་བསྟན་ཡོད།  གཞན་ཡང་།  <<རུས་མཛོད>>ལས།  བསེ་ཆུ་མའི་སྐབས་སུ།  ཤར་ཕྱོགས་པ་རིགས་པའི་དཔའ་བོ་རྗེ་དོན་གྲུབ་རིན་ཆེན།  བྲག་བྱ་ཁྱུང་དུ་བྱོན་ལམ་ནས།  རེ་སྐོང་གསེར་མོ་ལྗོངས་ཀྱི་ཤར་བྱང་གཉིས་ནས།  དགོན་གནས་གཉིས་ལ་ས་འདུལ་དང་ཕྱག་འདེབས་གནང་བས།  རེ་སྐོང་སྨད་ཀྱི་སྤེན་དཀར་ཐང་དང་།  རེ་སྐོང་སྟོད་ཀྱི་ས་སྟེང་དགོན་གཞི་མ་ཐུབ་བསྟན་ཆོས་གླིང་།[13] ཞེས་འབྱུང་བ་དང་། གོང་ནས་བཀོད་ཟིན་པ་ལྟར། གལ་ཏེ་བསེ་རྒྱལ་བྱང་ཆུབ་ཀྱིས་བཏབ་ཡོད་པའི་དབང་དུ་བཏང་ནའང་སྐབས་འདི་དུས་ན་ཡོངས་སུ་ཉམས་ཏེ་མཚམས་ཁང་རེ་འགའི་ཤུལ་ལས་ལྷག་མེད་ཕྱིན། ཕྱི་ནས་དོན་རིན་པས་བཀའ་གདམས་དགོན་པ་ཐུབ་བསྟན་ཆོས་གླིང་འདི་བསྐྱར་འདེབས་གནང་ཞིང་། རྗེས་འཇུག་པ་དག་གིས་ཀྱང་དྲིན་ཆེ་བར་དགོངས་ནས་ཁོང་གི་བཞུགས་ཁྲི་ནང་རྟེན་དུ་བྱས་ཏེ་བྱམས་ཁང་བཞེངས་པའི་ལོ་རྒྱུས་ངག་རྒྱུན་མ་ཉམས་པར་ཡོད་པ་འདི་ལགས། དེ་བས་གྲུབ་ཆེན་དུང་རྣ་བས། སྟེང་དགོན་བསྟན་པའི་གཞི་མ་དེ།། བཀའ་གདམས་བསྟན་སྲུང་འཁོར་བའི་གནས།། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས།། བཞེངས་པའི་ལྷ་སྐུ་བྱིན་ཅན་བཞུགས།། [14]ཞེས་འབྱུང་བ་ལས་ཀྱང་ཁོང་གིས་གསར་བཞེངས་བྱས་པ་གསལ་བོར་ཐོན་ཡོད་པ་དང་། གཞན་ཡང་། སྟེང་ཀའི་གཞི་མ་དགོན་ནས་དུས་འགྱུར་གྱིས་སྐྱ་སར་བབས་པའི་རྒན་པོ་འཇམ་དཔལ་ཐར་གྱིས་བཤད་པ་ལྟར་ན། སྟེང་ཀའི་གཞི་མའི་འཆམ་གྱི་གཏོར་བརྡབས་ཀྱི་དཔོན་དུ་སྔགས་པ་ཞིག་གདན་དྲངས་ཏེ་གཏོར་མ་བརྡབས་པའི་སྲོལ་ཡོད་ཅིང་། གཏོར་བརྡབས་སྐབས་ཀྱི་འདོན་རྟ་དབྱངས་གསུམ་ཚང་མ་སྔགས་རྙིང་མའི་ཆོ་ག་ལྟར་བྱེད་སྲོལ་ཡོད་ལ། སྔོན་ཆད་ཚོགས་ལ་འཚོགས་ནའང་འདུ་ཁང་གཅིག་ནས་རང་རང་གི་ཆོ་ག་སྐྱོང་སྲོལ་ཡོད་ཅིང་། ཕྱིས་སུ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོས་དགེ་ལུགས་ཀྱི་དགོན་པར་བསྒྱུར་བ་ནས་རིམ་གྱིས་བན་སྔགས་མཉམ་དུ་ཚོགས་པའི་སྲོལ་ག་མེད་པར་གྱུར་ནས་དགེ་ལུགས་འཛིན་པ་རྐྱང་མར་གྱུར་བ་ལས། དེའི་སྔོན་ལ་བཀའ་གདམས་རིང་ལུགས་འཛིན་པའི་གྲྭ་བ་དང་རྙིང་མའི་སྔགས་འཆང་བ་དག་བན་སྔགས་འདྲེས་མའི་ཚུལ་དུ་ཡོད་པའི་ལོ་རྒྱུས་གསལ་བོ་བཤད་རྒྱུ་ཡོད་པ་འདི་དག་ལས་ང་ཚོས་མཐོང་ཐུབ་པ་ནི།  ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོས་དགེ་ལུགས་ཀྱི་དགོན་པར་མ་བསྒྱུར་བའི་སྔོན་ལ། བསེ་རྒྱལ་བ་བྱང་ཆུབ་ནས་བརྒྱུད་པའི་སྔགས་རྙིང་མའི་རིང་ལུགས་འཛིན་པའི་སྔགས་པ་དང་། ཆོས་རྗེ་དོན་རིན་པ་ནས་བརྒྱུད་པའི་བཀའ་གདམས་པའི་གྲུབ་མཐའི་ཆོ་ག་མ་འགྱུར་བར་གནས་ཡོད་པའི་ཚུལ་འདི་རང་ཤུགས་ཀྱིས་རྟོགས་ཐུབ་ལ། ཆོས་རྗེ་དོན་རིན་པས་བཀའ་གདམས་དགོན་པ་གསར་དུ་བཏབ་སྟེ། ཐུགས་རྗེའི་གདུགས་དཀར་གཅིག་གིས་བན་སྔགས་མཉམ་ཚོགས་ཀྱི་ཕྱག་སྲོལ་མཐའ་རུ་བསྐྱངས་པའི་འཆམ་མཐུན་དགེ་བརྩོན་གྱི་ལོ་ཟླའི་དུས་རབས་ཤིག་གི་སྐལ་བཟང་རིས་བརྙན་ཞིག་ཀྱང་མཐོང་ཐུབ་ཅིང་། ཆོས་རྗེ་ཉིད་ཀྱི་བླ་ན་ལྷག་པའི་མཛད་རྗེས་དག་ལའང་རང་ཤུགས་ཀྱིས་དད་པའི་སྤུ་རླུང་གཡོ་བར་བྱེད་དོ།། དེ་མིན་སྔགས་མང་དཔེ་ཚོགས་ཀྱི་རུས་མཛོད་དུ་མ་ཚུད་པའི་སྨད་པ་སྡེ་བདུན་གྱི་<<སྤེན་དཀར་ཐང་དགོན་པའི་ལོ་རྒྱུས་>>ཡིག་ཚགས་ཀྱི་སྐབས་སུ།  སྤེན་དཀར་ཐང་ཐུབ་བསྟན་ཕུན་ཚོགས་ཆོས་གླིང་ནི།  ཆོས་རྗེ་དོན་གྲུབ་རིན་ཆེན་དགུང་ལོ་སོ་བརྒྱད་པ་རབ་བྱུང་དྲུག་པའི་བགྲང་བྱ་ཉི་ཤུ་བ་མེ་ཁྱི་ལོར།  ཁོང་ཉིད་ལ་ཡི་དམ་གྱིས།  སྤེན་དཀར་ཐང་དུ་སྒྲུབ་སྡེ་ཚུགས།།  ཐུབ་བསྟན་ཕུན་ཚོགས་དར་ཤིང་རྒྱས།། ཅེས་ལུང་བསྟན་པ་བཞིན།  ཆོས་རྗེ་ཉིད་རི་བྱ་ཁྱུང་ནས་མར་བྱོན་ནས།  སྟེང་དགོན་གཞི་མ་ཕུན་ཚོགས་ཆོས་གླིང་བཏབ་ནས་མར་སྤེན་དཀར་ཐང་དུ་བྱོན་ཏེ།  ཐུབ་བསྟན་ཕུན་ཚོགས་ཆོས་གླིང་བཏབ་པས།  སྒྲུབ་སྡེ་འདི་གཉིས་རེབ་གོང་གི་སྒྲུབ་སྡེ་སྟེང་འོག་གཉིས་སུ་གྲགས།  རྗེས་སུ་ཆོས་རྗེ་དེ་ཉིད་ཀྱི་སློབ་རྒྱུད་དུ་བྱུང་བའི་རེབ་གོང་འཇམ་བེ་ཧུ་དཔལ་ཆེན་རྡོ་རྗེ་བཙན་པོར་གྲགས་པའི་དཔོན་རབས་བཅུ་གཅིག་པ།  འཇམ་བེ་ཧུ་རྡོ་རྗེ་རྣམ་རྒྱལ་གྱི་སྲས། འཇམ་དགེ་བཤེས་ཆེན་པོ་འཇམ་དབྱངས་ཕུན་ཚོགས་དར་རྒྱས་ཀྱིས་བསྐྱངས་པས།  སྔོན་གྱི་དགོན་པའི་མིང་བསྒྱུར་ནས་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་ཞེས་གྲགས།  དགེ་བཤེས་ཆེན་པོ་དེ་ལ་མིང་གི་འབོད་ཚུལ་གསུམ་ཡོད་པའི་འབོད་སྲོལ་ཞིག་ལ་རྒྱ་ནག་པ་དང་།  གཅིག་ལ་ཧ་ཤང་བླ་མ་ཕུན་ཚོགས་དར་རྒྱས་དང་།  ཡོངས་གྲགས་སུ་འཇམ་ཏཱ་བླ་མ་ཞེས་གྲགས་པ་དེ་ཉིད་དགུང་ལོ་རེ་བཞི་བ་རབ་བྱུང་བཅུ་གཅིག་པའི་བགྲང་བྱ་སོ་བརྒྱད་པ་ཤིང་འབྲུག་ལོར་(སྤྱི་ལོ༡༦༦༤)དགོན་པའི་མིང་བསྒྱུར་སྐབས།  དགེ་སློང་སུམ་བརྒྱ་བརྒྱད་ཅུ་ལ་བསྙེན་བཀུར་བྱས་པ་ཡིན་པར་གྲགས་སོ།།[15] ཞེས་བཀོད་ཡོད་ཅིང་།  དེ་མིན་སྒྲུབ་སྡེ་འདི་གཉིས་ཀྱི་མིང་གི་འདོགས་སྟངས་ཀྱི་ཐད་ནས་བསམ་ནའང་འབྲེལ་བ་ཡོད་པ་རྟོགས་སླ་སྟེ། སྟེང་གི་གཞི་མ་དགོན་ལ་ཕུན་ཚོགས་ཆོས་གླིང་དང་སྤེན་དཀར་ཐང་དགོན་ལ་ཐུབ་བསྟན་ཕུན་ཚོགས་ཆོས་གླིང་ཞེས་བཏགས་པར་བཤད། གོང་གསལ་རྒྱུ་མཚན་འདི་འདྲའི་དབང་གིས་<<རོང་བོ་གདན་རབས>>སུ་དགོན་པ་འདི་གཉིས་ཀ་ཆོས་རྗེ་དོན་རིན་པས་བཏབ་པར་བཞེད་པ་དང་ཀུན་ནས་མཐུན་ནོ།།  དེ་མིན་ད་དུང་གདན་རབས་དེར།  ཨ་ལགས་བྱ་ཁྱུང་ཟེར་བའི་དཔལ་ལྡན་བྱ་ཁྱུང་གི་དམ་པ་ཞིག་རྒྱུན་བཞུགས་གནང་སྟེ་དགོན་པར་བཀའ་དྲིན་ཆེ་ཞིང་རིག་གསར་བར་བཞུགས་ལ་ཟླ་ངོ་མང་བོར་བདེ་སྡུག་མཉམ་གཟིགས་ཀྱིས་ཏིང་འཛིན་ལ་རོལ་བ་སོགས་གཞན་ལས་ལྷག་པའི་ངོ་མཚར་བའི་རྣམ་ཐར་མང་བོ་མཛད།[16]ཅེས་བཀོད་པ་འདིར་དཔག་ནའང་དཔལ་ལྡན་བྱ་ཁྱུང་དང་དགོན་འདི་གའི་བར་ན་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རྟོགས་ཐུབ་ཅིང་།  སྔ་མོ་ནས་བྱ་ཁྱུང་ཕྱོགས་ནས་འདི་གར་དགོན་ཚབ་ཀྱི་མི་སྣ་མངགས་པའི་སྲོལ་ཞིག་ཡོད་པའང་གཞི་ནས་རྟོགས་ཐུབ།  མིན་ན་རེབ་གོང་གི་དགོན་སྡེ་གཞན་ན་དེ་འདྲའི་བཤད་རྒྱུན་དང་སྣང་ཚུལ་མེད་པར་ཏག་ཏག་དགོན་འདིར་སྣང་ཚུལ་དེ་འདྲ་ཡོད་པ་ཇི་ལྟར་བཤད།  སྟེང་ཀའི་གཞི་མར་བསེ་རྒྱལ་བྱང་ཆུབ་ཀྱི་སྤྲུལ་སྐུ་ན་རིམ་གྱིས་བདག་སྐྱོང་གནང་བས་མངགས་དགོས་མ་བྱུང་ལ།  གོང་གསལ་རྒྱུ་མཚན་དེ་དག་ཅུང་ཟད་ངེས་པའི་རྨང་གཞིའི་སྟེང་ནས་ང་ཚོར་སྡོམ་ཚིག་ཅིག་ཐོབ་པ་ནི།  གོང་གསལ་སྒྲུབ་སྡེ་འདི་གཉིས་ཀ་ཕྱག་འདེབས་པ་པོ་ནི་ཆོས་རྗེ་དོན་རིན་པ་ཡིན་ཕྱིན།  ཆོས་པ་ཡབ་སྲས་ཀྱི་སློབ་རྒྱུན་དང་བཅས་པས་ཕྱག་བཏབ་པའི་སྒྲུབ་སྡེ་བཅོ་བརྒྱད་ཀྱི་གྲས་སུ་དགོན་འདི་གཉིས་བགྲངས་སྲོལ་མེད་ཅིང་། དེ་དག་(སྒྲུབ་སྡེ་བཅོ་བརྒྱད)དང་ལྷན་དུ་རོང་བོ་དགོན་ཆེན་ལ་སྨོན་ལམ་བསྐོལ་མི་དགོས་པའི་ཁྱད་དབང་མཛད་ཡོད་པའང་གོང་གསལ་རྒྱུ་མཚན་འདི་དག་གི་རྐྱེན་གྱིས་རེད།  འོ་ན།  དེང་སྐབས་སྒྲུབ་སྡེ་བཅོ་བརྒྱད་དང་ལྷན་དུ་དགོན་ཆེན་ལ་སྨོན་ལམ་བསྐོལ་བའི་སྲོལ་ཀ་འདི་ནི།  བསྟན་པ་ཡང་དར་གྱི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་འཁོས་འབྱོར་ཉག་ཕྲ་བའི་དུས་སུ་བླ་མ་རྡོ་རྗེ་འཆང་རྫོང་ཆུང་མཁས་བཙུན་རིན་པོ་ཆེ་དང་།  ཁ་སོ་སྔགས་རམས་པའི་མཆོག་སྤྲུལ་བློ་བཟང་འཇིགས་མེད་འཕྲིན་ལས་རིན་པོ་ཆེ་སོགས་ཀྱིས་དགོན་ཆེན་དང་རེབ་གོང་སྤྱིའི་ལས་དོན་ཁུར་དུ་འཁྱེར་བའི་སྐབས་སུ།  ཆེད་དུ་སྒྲུབ་སྡེ་འདི་གཉིས་ལ་ཕེབས་ཏེ་སྒྲུབ་སྡེ་བཅོ་བརྒྱད་དང་ལྷན་དུ་སྨོན་ལམ་བསྐོལ་དགོས་ཀྱི་ཞལ་བཀོད་གནང་བ་དང་དུ་བླངས་ཏེ་སྒྲུབ་སྡེ་བཅོ་བརྒྱད་ཀྱི་སྨོན་ལམ་ཤོག་ཁར་ཞུགས་པ་ལས་སྔོན་ཆད་དེ་འདྲའི་ཁྱད་དབང་ཡོད་པ་ནི།  དེང་སྐབས་སྐུ་དངོས་སུ་བཞུགས་པའི་ཨ་ལགས་ཁ་སོ་གཙོས་གྲོང་མི་རྒན་པ་དག་གི་ཁྲོད་ན་ཡང་གནས་ཚུལ་གསལ་བའི་མི་སྣ་ཤིན་ཏུ་མང་ལ། དེ་བས། གོང་དུ་གསལ་བ་བཞིན་དགོན་སྡེ་འདི་གཉིས་ཀྱང་ཆོས་རྗེ་དོན་རིན་པ་མཆོག་གིས་བཏབ་ཅིང་། དེ་མིན་སྣང་རའི་གསེར་ཁང་དང་། བོད་བྱ་ཚང་གི་བྱང་ཆུབ་མཆོད་རྟེན་དང་ས་འབུམ་མཆོད་རྟེན། མགུར་གྱི་ཇོ་ཁང་། མཁར་གོང་བྱམས་སོགས་ལའང་རྟེན་སྐལ་གནང་ནས་བཞེངས་སུ་བཅུག་པའི་ལོ་རྒྱུས་དང་། ཐོ་རྒྱའི་བོད་སྐོར་ལ་ཡང་རྟེན་སྐལ་གནང་བ་ཡང་། <<རོང་བོ་དགོན་ཆེན་གྱི་གདན་རབས>>ལས། ཆོས་རྗེ་དོན་གྲུབ་རིན་ཆེན་བྱ་ཁྱུང་གི་དགོན་པ་གསར་འདེབས་ཀྱི་ཕྱིར་ཕེབས་ལམ་ཁྱིམ་གཞི་ཞིག་ཏུ་ཞག་བཞུགས་གནང་བའི་དུས་སྡེ་འདིར་ཆོས་སྦྱིན་གནང་ཞིང་། ཕེབས་ཁར་ཁྱིམ་དེ་ལ་བླ་བྲེ་ཞིག་དང་རྒྱལ་མཚན་ཞིག་གནང་ལ། ཁོང་བཞུགས་སའི་མལ་ཁྲི་ཡང་ཡུན་རིང་བར་ཡོད། ལོ་རེའི་ལོ་གསར་ཚེས་གཅིག་ཉིན་ཐོག་མར་སྒར་གྲོང་གཉིས་ཀ་ཁྱིམ་དེར་ལོ་གསར་འབུལ་དུ་འགྲོ་དགོས་པའི་སྲོལ་ཡོད་པ་དེ་ཡང་རྒྱུ་མཚན་དེས་ཡིན་ཟེར་རོ།[17]ཞེས་དང་། གཞན་ཡང་གཅན་ཚའི་མ་ཎི་འཁོར་ལོ་བྱིན་ཅན་དང་ཁྲི་གའི་མོད་ཡག་སྡེ་བའི་སངས་རྒྱས་རབ་བདུན་གྱི་མཆོད་རྟེན་སོགས་ཀྱི་ངག་རྒྱུན་མ་ཉམས་པར་ཡོད་དོ།།

གསུམ་པ། བཤད་སྒྲུབ་ཟུང་གི་ལམ་ནས་རྒྱལ་བསྟན་གསལ་བར་མཛད་དེ་བུ་སློབ་མང་དུ་བསྐྱངས་པའི་ཆེ་བ།

ཆོས་རྗེ་ཉིད་ཀྱིས་དང་པོ་ཉིད་ནས་རྗེ་བདག་ཉིད་ཆེན་པོ་ནི་བསྟན་པའི་བདག་པོ་འོང་བ་ཐུགས་ཀྱིས་མཁྱེན་ནས་མཆན་གྱི་བུ་ལས་ལྷག་པར་གཅེས་པར་བསྐྱངས་པ་གཞན་གྱིས་མཚུངས་ཟླ་བྲལ་ཞིང་། ཡོན་ཏན་སྣ་ཚོགས་ཀྱི་སྒོ་མོ་ཡོངས་སུ་ཕྱེ་ནས་བསྟན་པའི་བདག་པོར་བྱིན་གྱིས་བརླབས་ཏེ་འབྱུང་འགྱུར་ལུང་བསྟན་དང་བཅས་དབུས་རྫོངས་གྱ་ནོམ་བྱས་པའི་སྐུ་དྲིན་འཁོར་མཐའ་བྲལ་བའི་ཚུལ་དང་། རྗེ་བླ་མ་རང་ལ་མཚོན་ན། ཐོག་མར་ཆོས་རྗེ་མཆོག་གི་སྐུ་དྲུང་ན་བཞུགས་དུས་དྲིན་ཆེན་ཕ་མ་ལྟ་བུའི་བརྩེ་བ་ལྷད་མེད་དང་། ཡོན་ཏན་གྱི་ཁོ་ལག་རིམ་གྱིས་རྫོགས་པ་དང་བསྟུན་ནས་རང་ལ་སངས་རྒྱས་ལས་ཀྱང་སྐུ་དྲིན་ཆེ་བའི་བཀའ་དྲིན་རུས་པའི་རྐང་ནས་རྙེད་ཅིང་། འབྱུང་འགྱུར་གྱི་བྱ་བ་ཡོད་ཚད་ཆོས་རྗེའི་ལུང་བསྟན་ཇི་ལྟ་བ་བཞིན་བྱུང་བ་སོགས་ཀྱིས་ཆོས་ཀུན་ལག་མཐིལ་གྱི་རྫས་བཞིན་གཟིགས་པའི་མཁྱེན་སྟོབས་ཀྱི་ཡོན་ཏན་སོགས་ལ་ངེས་པ་གཏིང་ནས་རྙེད་ཅིང་། སངས་རྒྱས་དངོས་ཀྱི་ཐུགས་བརྩེ་བླ་མེད་འཁྲུངས་པར་བརྟེན། ཁྱབ་བདག་དང་པོའི་སངས་རྒྱས་དེ་ཉིད་ལ་ཞབས་ཞུ་ཕྲན་ཙམ་གྱི་སྐལ་བ་མ་འབྱོར་བའི་ཕངས་སེམས་ཀྱི་གདུང་བས་ཆོས་རྗེ་བླ་མ་དེ་ཉིད་ཀྱི་མཚན་གླེང་བ་ཙམ་གྱིས་ཀྱང་སྤྱན་ཆབ་དབང་མེད་འབྱིན་པ་ལས་ཀྱང་རྟོགས་ཐུབ་ཅིང་། ཚུལ་ཇི་ལྟར་བསྐྱངས་པ་ནི་རྣམ་ཐར་དག་ལས་འདི་ལྟར་འབྱུང་སྟེ། འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་<<འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་པ་ཐུབ་བསྟན་མཛེས་རྒྱན>>སོགས་རྣམ་ཐར་མང་པོ་ལས། དགུང་ལོ་དེ་ཁའི་ནང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་པ་དེ་ཉིད་ཡབ་ཀྱིས་གདན་དྲངས་པ་ཞིག་གི་དུས། ཆོས་རྗེ་རིན་པོ་ཆེས་ཡབ་ལ་རྟ་དང་ལུག་ལ་སོགས་པའི་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་སྩལ་ནས། ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཞིག་ཅེས་བཀའ་གནང་བར་ཡབ་ཀྱིས་ཀྱང་བཀའ་སྩལ་དང་དུ་ལེན་པའི་སྤྲོ་དགའ་ཆེན་པོ་དང་བཅས་ཏེ་རྗེ་ཉིད་དགུང་ལོ་གསུམ་བཞེས་པ་ས་མོ་ཕག་གི་ལོ་ལ་ཕུལ། དེ་ནས་བཟུང་སྟེ་དབུས་གཙང་དུ་མ་བྱོན་བར་དུ་ཆོས་རྗེ་དེ་ཉིད་ཀྱི་ཞབས་དྲུང་དུ་བཞུགས་པར་སྣང་ལ། [18]ཞེས་དང་། <<བྱ་ཁྱུང་གདན་རབས>>ལས། ཉིན་གཅིག་བྱིས་པའི་རྩེད་མོའི་རྣམ་པས་གོར་འཚེད་ཅིག་ལ་རྩེད་མོ་གནང་བས་ཁོའི་ལས་ལ་བར་བཅད་པས་ཁྲོས་ཏེ་གོར་ཐུར་གྱིས་བརྡེགས་པས་ཞལ་ལ་རྨ་ཞིག་བཏོད། རྡེག་མཁན་དེ་མ་འགྱངས་པར་ཁྲག་སྐྱུགས་ཏེ་ཤི  དེའི་རྐྱེན་གྱིས་རྗེ་དོན་རིན་པ་ཐུགས་ཁྲོས་པའི་ཚུལ་གྱིས་འགྲམ་ལྕག་བཏང་ནས་སྒོར་ཕུད། རེ་ཞིག་ན་ཉེ་གནས་ལ་ཁྱོད་སོང་ལ་གཞོན་ནུས་ཅི་བྱེད་ལྐོག་ཏུ་ལྟོས་གསུངས་པས། [19] ཞེས་འབྱུང་བ་ལྟར། མ་བཞིན་གར་འདུག་གར་བཞུད་ཀྱི་སྤྱོད་པ་མིག་གིས་འཚོས་ཞིང་ཐུགས་ལ་བཏེགས་ཏེ་གཅེས་པར་བསྐྱངས་པ་ནི། <<རྗེ་བློ་གྲོས་ལེགས་བཟང་པས་མཛད་པའི་རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར>>ལས་ཀྱང་། སྐུ་འབྲུམ་བསྙེལ་བའི་དུས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་བསྙུང་གཡོག་མཛད། གཞོན་ནུ་འདིའི་དྲི་ཆེན་དང་དྲི་ཆུ་ལ་དྲི་བཟང་བོ་བྲོ་བར་འདུག་གསུངས་པས། གཞན་རྣམས་བློ་ལ་མི་ལྡན་པ་བྱུང་ངོ།། [20]ཞེས་འཁོད་ཡོད་པ་ནང་བཞིན། ཕྱི་ས་ལག་པས་ཕྱི་བ་དང་། ཁ་སྣབ་ཁ་ཡིས་འཇིབ་པའི་ཕ་མ་བཞིན་སྙིང་ཁོངས་རུས་པའི་གཏིང་ནས་ཤ་ཚ་ཚ་དང་། དུང་ཞེན་ཞེན་གྱིས་ཀུན་ནས་བསྐྱངས་པ་ནི་གཞན་གྱིས་བསྒྲུན་དུ་མེད་དེ། མཉམ་མེད་ཇོ་བོ་ཆེན་པོ་ལ་འབྲོམ་སྟོན་གྱིས་སྲི་ཞུ་བསྒྲུབས་པ་ཇི་ལྟ་བ་བཞིན་ནོ།།

ཡང་། <<བྱ་ཁྱུང་གདན་རབས>>ལས་ཀྱང་། ལོ་རྒྱུས་འགར་རྗེ་དགུང་ལོ་བཞི་བར་བྱ་ཁྱུང་དུ་ཕེབས་ཟེར་བ་རྣམས་ལ་དཔགས་ན་རྗེ་དགུང་ལོ་རིལ་བོ་གསུམ་དང་ངོ་མཐོང་བཞིའི་སྟེང་ཤ་རྫོང་དུ་དགེ་བསྙེན་བསྒྲུབས་ཏེ་འཕྲལ་ལ་བྱ་ཁྱུང་དུ་ཕེབས་པར་སེམས། [21]ཞེས་འབྱུང་བ་ལྟར། <<བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་གི་དཀར་ཆག>>ལས། དེ་ལྟར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་གསུམ་ནས་བཅུ་དྲུག་གི་བར་ལོ་ངོ་མཐོང་བཅུ་གསུམ་གྱི་རིང་སྟན་ཆགས་པར་བཞུགས་པ་དང་། [22]ཞེས་འབྱུང་བ་དང་། ནམ་ཕེབས་ཀྱི་ལོ་ལ་མི་མཐུན་པ་ཕྲན་བུ་རེ་ཡོད་ཀྱང་། གང་ལྟར་སྐུ་ན་ཆུང་དུས་ནས་ཆོས་རྗེ་ཉིད་ཀྱི་སྐུ་མདུན་ནས་ནར་སོན་པ་རེད། རྗེ་ཙོང་ཁ་བར་མཚོན་ནའང་ཆོས་རྗེ་མཆོག་གིས་དགུང་ལོ་བཞི་ལོན་ཙམ་ནས་མིག་འབྲས་བཞིན་དུ་བསྐྱངས་པས། ཕྱི་ནས་བྱུང་བའི་རྣམ་ཐར་གཞན་དུ་དཔོན་སློབ་བཀའ་དྲིན་ཅན་དག་གི་མིག་དཔེར་དྲངས་པ་མང་སྟེ།དཔེར་ན། <<སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ>>ལས། སུམ་པ་རང་གི་རྣམ་ཐར་དུ། དེ་ལྟར་འབྲུག་ལོའི་འབྲུག་ཟླའི་འབྲུག་གི་ཉིན་དེ་གསུམ་འཛོམ་དགོས་པ་ནི་བདེན་ཚིག་འགྲུབ་ཅིང་མངོན་ཤེས་མངའ་བའི་འཇམ་དབྱངས་བཞད་པའི་ཞལ་བཀོད་ཡིན་ཞེས་ཕྱིས་སུ་ཐོས་པས་བླ་མ་དེས་ཐོག་མར་སྐུ་སྐྱེས་སུ་ངོས་བཟུང་བ་ནས་འདི་བར་དུ་བྱིས་པ་ཆུང་ངུ་གང་ཡང་མི་ཤེས་པའི་དུས་སུ་དེ་ལྟར་དྲིན་ཆེན་ཕ་མ་ལྟར་བསྐྱངས་པའི་དྲིན་གཟོ་ཚེ་རབས་བྱེ་འབུམ་དུའང་འཁོར་མེད་ཡིན་ལ། དེ་ནི་རྗེ་ཙོང་ཁ་པ་ལ་དོན་རིན་པོ་ཆེས་ཇི་ལྟར་མཛད་པ་དེ་བཞིན་ནོ་ཞེས་ཁ་རྦད་བྱས་ཀྱང་ཆོག་གོ།། [23]ཞེས་འབྱུང་བ་བཞིན་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསྐྱངས་པའི་མཚན་གཞིར་འགོད་པ་ནི། དངོས་གནས་དོན་དང་ལྡན་པ་ཞིག་རེད། འདི་འདྲའི་སློབ་བུ་སྐྱོང་ཚུལ་གྱི་རྣམ་ཐར་ཡ་མཚན་ཅན་འདི་ཡང་ཕལ་བའི་སྐྱེ་བོ་དག་གིས་བསམ་པ་ཙམ་ཡང་བྱེད་དཀའ་བའི་གནས་སོ།།

ཡང་། <<བྱ་ཁྱུང་གདན་རབས>>ལས། མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པའི་ཞལ་ནས། ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། ཁྱད་པར་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས། སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་གཙོ་བོར་མཛོད། དེ་དུས་ཁྱོད་ལ་སློབ་མ་མཁས་གྲུབ་གཉིས་འཛོམས་མང་པོ་འོངས་པའི་ནང་ནས།[24]ཞེས་འབྱུང་བ་ལྟར། རེབ་གོང་ཕྱོགས་ནས་རོང་བོ་བླ་མ་བསམ་གཏན་རིན་ཆེན་གཙོས་འཇམ་ཏཱ་བླ་མ་རྒྱ་ནག་པ་དང་དཔོན་པོ་ཤཱཀྱ་བཟང་བོ་དང་། རྨ་ཡུལ་གཅན་ཚའི་ཕྱོགས་ནས་ཀོའུ་བ་གཞོན་ནུ་བྱང་ཆུབ་དང་། བྱ་ཁྱུང་ཕྱོགས་ནས་ཇུ་ནང་གདན་རབས་སུ་འབྱུང་བ་ལྟར། ཞང་བའི་བཙུན་ཆུང་དང་། བར་ཞིང་ལ་མོ་གཡུ་རུ་ཕྱུག ནག་ཚའི་རེ་གོན་པ། སྡོང་ངེའི་དར་དཀར་རིང་མོ། མཚམས་རིང་རྟོགས་ལྡན་པ་རྣམས་གཙོ་བོ་ཡིན།[25] ཞེས་གསུངས་པ་ནང་བཞིན། འབྲས་ཀླུ་འབུམ་པས་ཐོག་མ་ཉིད་ནས་གྲྭ་བཙུན་སུམ་བརྒྱ་ལྷག་འདུས་པར་བཤད་ཅེས་པ་ལྟར་ན། བུ་སློབ་མང་དུ་བྱུང་ཡོད་པ་རྟོགས་ཐུབ་ཅིང་། གོང་གསལ་སྒྲུབ་དཔོན་དེ་དག་ནི་མཁས་གྲུབ་གཉིས་འཛོམས་ཀྱི་ཐུགས་སྲས་མང་པོའི་ནང་གི་གཙོ་གྲས་དག་ཡིན་པ་རྟོགས་ཐུབ།དེ་མིན་འཕགས་པ་ཤིང་ཀུན་ཕྱོགས་སུའང་མཁས་གྲུབ་གཉིས་འཛོམས་ཀྱི་ཐུགས་སྲས་མང་དུ་བསྐྱངས་ཡོད་ངེས། དེ་ལྟར་བཤད་སྒྲུབ་ཟུང་འབྲེལ་གྱིས་སློབ་མ་མང་དུ་བསྐྱངས་ནས་རྒྱལ་བསྟན་ཉིན་མོར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཅིང་།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་མི་རྒྱས་ནི། བསྟན་འཛིན་གྱི་སྐྱེས་བུ་བྱོན་མིན་ལ་རག་ལས་ཤིང་།  དགེ་འདུན་གྱི་སྡེ་དང་སློབ་མའི་འཁོར་ཚོགས་རྒྱས་མ་ཐུབ་ན། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བྱུང་ཐུབ་མེད་པས། ཆོས་རྗེ་དོན་རིན་པར་མཚོན་ན།  བཤད་སྒྲུབ་ཡ་མ་བྲལ་བར་སྐུ་ཚེ་གང་བོར་འཁོར་སློབ་མང་དུ་བསྐྱངས་པ་ལ་བརྟེན་ནས་རྗེ་ཙོང་ཁ་བ་གཙོས་མཁས་གྲུབ་གཉིས་འཛོམས་ཀྱི་སློབ་བུ་མང་དུ་བྱོན་ནས་བསྟན་པ་ཕྱོགས་སུ་རྒྱས་པར་རྨང་བཏིང་བའི་ཆེ་བའོ།།

བཞི་བ།  སྤྲུལ་གཞི་མང་དུ་གྱེས་ཏེ་བསྟན་པ་ཕྱོགས་མཐར་སྤེལ་བའི་ཆེ་བ།

 ལོ་རྒྱུས་ཀྱི་ཡིག་ཚགས་དཀོན་པར་གྱུར་བ་མ་གཏོགས་ཆོས་རྗེ་མཆོག་ལ་དབུས་གཙང་དུའང་བུ་སློབ་མང་དུ་ཡོད་ངེས་ཏེ། མཁྱེན་རྒྱ་བུ་སྟོན་ཐམས་ཅད་མཁྱེན་པ་དང་མཉམ་པའི་མཁས་དབང་ཞིག་ལ་བུ་སློབ་མེད་པ་ནི་མི་སྲིད་དེ། རང་གི་སློབ་མ་དང་སྐབས་དེའི་མཁས་དབང་དག་གི་ཐུགས་སྨོན་ལྟར་དབུས་གཙང་དག་པའི་ཞིང་གི་བདེ་བ་ཅན་གྱི་གདན་ས་བར་གདན་དྲངས་པ་འདིས་ཀྱང་དེ་གར་བུ་སློབ་ཀྱི་འཕྲིན་ལས་རྒྱས་ཡོད་པ་རྟོགས་ཐུབ་ཅིང་། གདན་སའི་སྟབས་མ་འཕྲོད་པ་ཡང་མདོ་སྨད་ནས་འཆད་ཉན་གྱི་འཕྲིན་ལས་རྒྱས་དྲགས་པས་དུས་ལྟར་ཕེབས་བཞུད་བསྐྱངས་མ་ཐུབ་པས། གདན་ས་བ་གསར་དུ་བསྐོ་དགོས་བྱུང་བར་སྙམ། ཆོས་རྗེ་ཁོང་གི་མཛད་འཕྲིན་རྒྱས་དྲགས་པས། ཁོང་ཉིད་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཡུལ་གྲུ་སོ་སོར་སྐྱེས་སྟོབས་ཀྱི་ཤེས་རབ་ཅན་གྱི་མི་འཇོན་ཐང་ཅན་རེ་བྱུང་ན་ཆོས་རྗེ་མཆོག་གི་རྣམ་སྤྲུལ་དུ་ངོས་བཟུང་ནས་རྒྱལ་བསྟན་མཐའ་ལ་སྤེལ་བའི་མཚན་གཞི་མང་སྟེ། ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་<<ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར>>ལས། བླ་བྲང་བཀྲ་ཤིས་འཁྱིལ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པས་དབང་མི་ཏྲ་བརྒྱ་རྩ་གནང་བའི་སྐབས་སུ་ཕྱོགས་ནས་ཕེབས་པའི་བླ་སློབ་ཀྱི་མཚན་མིང་བཀོད་སྐབས་འདི་ལྟར་འབྱུང་སྟེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མ་ཎི་བ་ཤེས་རབ་བཀྲ་ཤིས། གསང་ཆེན་གདམས་པའི་བང་མཛོད་ཤ་སྦྲང་སྔགས་རམས་པ་འཇམ་དབྱངས་བློ་གྲོས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་འཕྲུལ་དུ་གྲགས་པ་ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོ།[26]ཞེས་འབྱུང་བ་ལྟར། འཕགས་པ་ཤིང་ཀུན་ནམ་ཤིང་ཀུན་སྡེ་གསར་གྱི་བླ་མ་མཛད་དེ་འཕྲིན་ལས་རྒྱས་པར་བརྟེན་ནས་རྗེས་ནས་བྱོན་པའི་ཁྱ་དགེ་བློ་བཟང་རྒྱ་མཚོ་ཡང་ཆོས་རྗེའི་རྣམ་སྤྲུལ་དུ་ངོས་འཛིན་གྱིས་དགོན་པ་བཏབ་ཅིང་། བུ་སློབ་མང་དུ་བསྐྱངས་ཚུལ་རྣམ་ཐར་དུ་གསལ་ལ། རེབ་གོང་ཕྱོགས་ལ་མཚོན་ནའང་ཁོང་ཉིད་འཚར་ལོངས་བྱུང་ས་དང་འགྲོ་དོན་མཛད་པའི་གནས་གཙོ་བོ་ཡིན་ཕྱིན། ཨ་མགྲོན་མཁས་བཙུན་རྒྱ་མཚོ་ཡང་ཆོས་རྗེ་དོན་རིན་པའི་རྣམ་སྤྲུལ་དུ་ངོས་འཛིན་ལུགས་ཤིག་རེབ་གོང་གི་ལོ་རྒྱུས་ཀྱི་དཔེ་ཆ་ཞིག་ཏུ་མཐོང་མོད། ཐེངས་འདིར་གང་ཡིན་འདྲེན་རྒྱུ་མ་བྱུང་། དེ་ནི་བྱ་ཁྱུང་གདན་རབས་ལས་འབྱུང་བའི་ཨ་གྲོ་ཆོས་རྗེ་དང་གཅིག་མིན་གྱི་འཁྲུལ་བ་ལ་ད་དུང་ཞིབ་ཏུ་དཔྱད་རིགས། བྱ་ཁྱུང་གདན་རབས་ལས། མཁན་རབས་སོ་དགུ་བ་ཆུ་བཟང་རིན་པོ་ངག་དབང་ཐུབ་བསྟན་དབང་ཕྱུག་གི་སྐབས་སུ་འདི་ལྟར་བཀོད་འདུག་སྟེ། བྱ་ཁྱུང་དགོན་པ་འདིའི་བདག་པོ་ནི་ཁྲི་ཆེན་དེ་ཉིད་ཡིན་པས་ངས་ཀྱང་ཐུགས་དགོངས་རྫོགས་པའི་ཐབས་ཅི་འགྱུར་ལ་འབད་ཁུལ་ཡིན། ད་བྱ་ཁྱུང་དགོན་སྦྱིན་བདག་དང་བཅས་པ་ཁྱེད་ཀྱི་ཕྱག་ཏུ་སྤྲད་པ་ཡིན་པས་སྐུ་ཚེ་གང་བོར་ལེགས་པར་སྐྱོང་བ་མཁྱེན་མཁྱེན་ཅེས་གསུང་རུས་པ་ཅན་དུ་མ་ཕུལ། བཅུ་བའི་ཚེས་གཅིག་ལ་སེང་ཁྲིར་ཕེབས། མཆོག་དམན་ཚང་མས་གུས་འདུད་ཧུར་ལེན་ཅིང་། ཆོས་རྗེ་དོན་རིན་པའི་སྤྲུལ་བར་གྲགས་ཆེ། སྔ་ཕྱིར་ཐུགས་རྗེ་ཆེན་པོ། གདུགས་དཀར། འཇིགས་བྱེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དབང་སྩལ། དགུང་ལོ་ལྔ་བཅུའི་ཐོག་མཁན་པོ་ཧོ་ཐོག་ཐུ་གཤེགས་པའི་དགོངས་རྫོགས་སུ་ཕེབས་ནས་ཐུགས་དམིགས་རྒྱ་ཆེར་གནང་། སྐུ་འབུམ་མཁན་པོ་ལས་ཐོག་པ་མགོན་གྱ་ཚང་མ་བཞུགས་པའི་རྐྱེན། སྐུ་འབུམ་ཆོས་སྐྱོང་ཆེན་མོས།  ཤར་ཕྱོགས་པ་རིགས་པའི་དཔའ་བོ། ངེས་དོན་དགེ་བའི་བཤེས་གཉེན་ཆེན་པོ་ཉིད་སླར་ཡང་རང་རེའི་ཆོས་སྡེ་འདི་གའི་ཁྲིར་འཁོད་ཚེ། འཆད་ཉན་སོགས་ལུགས་ཟུང་གི་སྐུ་དོན་ཆ་གང་ལའང་མཆོག་ཏུ་དགེ་ཞེས་ལུང་ཕུལ་བར་བརྟེན། སྐབས་འདི་ཙམ་ནས་གདན་ས་གཡས་གཡོན་གཉིས་ཀའི་ཁྲི་ཟུང་འབྲེལ་དུ་བསྐྱངས། …….ཟངས་ལས་གྲུབ་པའི་ཆོས་རྗེ་དོན་རིན་པའི་སྐུ་པར་ཞིག་བོར་ནས་ལོ་ཉིས་བརྒྱ་ཙམ་སོང་ཞེས་གྲགས་པ་དེ་ཡང་འདུ་ཁང་གི་ཨར་ལས་སྐབས་ས་འོག་ནས་རྙེད་པས་ཀུན་ཡ་མཚན་པ་བྱུང་ཞིང་རྗེ་དོན་རིན་པའི་སྤྲུལ་བར་ངེས་པ་རྙེད།[27]ཞེས་འབྱུང་བ་ལྟར། དུས་སྐབས་སོ་སོར་རྣམ་སྤྲུལ་ཡ་མཚན་ཅན་མང་པོར་གྱེས་ཏེ་རྒྱལ་བསྟན་ཕྱོགས་མཐར་སྤེལ་བར་མཛད་པ་འདི་ཡང་གཞན་ན་དཀོན་པའི་རྣམ་ཐར་གྱི་ཆེ་བ་ལགས་སོ།།

ལྔ་བ། གདུང་རྟེན་དཔག་བསམ་ལྗོན་པར་བྱིན་གྱིས་བརླབས་ཏེ་སེམས་ཅན་རྗེས་སུ་བཟུང་བའི་ཆེ་བ།

བྱ་ཁྱུང་གདན་རབས་ལས། རྒྱལ་མཆོག་བདུན་པའི་གསེར་གདུང་རྒྱ་ཕིབས་ལས། སྐུ་དངོས་ཀྱི་གདུལ་བྱར་མ་གྱུར་བའི་འགྲོ་བ་མཐའ་ཡས་པ་ལ་གནས་སྐབས་དང་མཐར་ཐུག་གི་དགོས་འདོད་ཀྱི་ཆར་བདེ་བླག་ཏུ་འབེབས་པའི་སླད་གཟུགས་སྐུ་རགས་པའི་ཟ་མ་ཏོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་བོ་ལྟ་བུར་བྱིན་གྱིས་བརླབས་པ་ལས། དུས་བཟང་གི་སྐབས་འགར་རོ་ཤིན་ཏུ་ཞིམ་པའི་བདུད་རྩིའི་རྒྱུན་བབས་པ་མང་པོར་མྱོང་རྒྱུ་ཡོང་བ་དང་། སྐབས་ལ་ལར་དྲི་ཤིན་ཏུ་བཟང་བོའི་ངད་དགོན་པའི་གླིང་ཐམས་ཅད་ཁྱབ་པར་འཕྲོ་བའི་ངོ་མཚར་ད་ལྟ་ཡང་འབྱུང་བཞིན་པ་མཐུན་སྣང་དུ་གྲུབ། ཅེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་ལས། སྐུ་གདུང་རིལ་བོ་གདུལ་བྱའི་དོན་དུ་ད་ལྟའི་བར་དུ་བཞུགས་ཤིང་། དུས་བཟང་ལ་སྐུ་གདུང་མཆོད་རྟེན་ལས་བདུད་རྩི་འབབ་པ་དང་། དྲི་བཟང་གིས་གླིང་ཁྱབ་པ་ནི་ད་ལྟའི་བར་དེ་ཕྱོགས་ཀྱི་སྐྱ་སེར་རྒན་གཞོན་ཐམས་ཅད་ལ་མཐུན་གྲུབ་ཡིན་ནོ།།ཞེས་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས། རྒྱལ་བ་གཉིས་པའི་ཡོངས་སུ་འཛིན་པ་མཆོག། དོན་གྲུབ་རིན་ཆེན་ཞེས་གྲགས་མ་འོངས་དུས།། རྔ་སྒྲ་སྒྲོག་པའི་ཞིང་དུ་འཚང་རྒྱ་བ།། དེ་ཡི་རིང་བསྲེལ་མཆོད་རྟེན་མཇལ་ལགས་སམ།། བྱིན་རླབས་ཕུང་བོ་སྤུངས་པའི་རྟེན་དེ་ལས།། བསྟན་པ་དར་ཞིང་འཇིག་རྟེན་བདེ་བ་ཡི།། དགེ་བའི་ལྟས་སུ་དུས་ཚེས་བཟང་བོ་ལ།། བདུད་རྩི་འབབ་པ་ལྗགས་ཀྱིས་མྱངས་ལགས་སམ། ཞེས་འབྱུང་བ་ལྟར། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། སྤྱིར་རྟེན་ཁྱད་པར་དུ་འཕགས་པ་ལ་ལན་རེར་བདུད་རྩི་འབབ་པ་སྲིད་ཀྱང་། ལོ་རེ་བཞིན་ཆགས་མེད་དུ་དུས་ཚིགས་ངེས་ཅན་ལ་བདུད་རྩི་འབབ་པའི་རྟེན་ནི་གངས་ཅན་གྱི་ལྗོངས་སུ་འདི་གཅིག་པུར་ཟད་དོ་ཞེས་ཀྱང་སྨྲ་རིགས་སོ།།དེ་ཡང་ཨ་རིག་དགེ་བཤེས་ཆེན་མོ་དང་། ཡབ་རྗེ་གསེར་ཁང་བ། ཐར་ཤུལ་རིན་པོ་ཆེ། དཔོན་ཨེ་སྐོ་ནོ་ཡོན། ཤར་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དྲུག་པ་སོགས་སྐྱེས་ཆེན་དམ་པ་རེ་ཕེབས་སྐབས་འཕྲལ་ལ་བདུད་རྩི་བབས་པའི་ལོ་རྒྱུས་མང་དུ་ཡོད་དོ།།ཅེས་མཁས་དབང་དུ་མའི་མཐོང་ཐོས་དང་དངོས་མྱོང་མཐར་ཆགས་སུ་བཀོད་ཡོད་པས། བྱིན་རླབས་ཀྱི་མཚན་ཁ་ཡངས་པའི་སྐུ་རྟེན་འདི་འདྲ་ནི་གངས་ཅན་གྱི་ལྗོངས་ཕར་ཞོག་གོ་ལ་ཧྲིལ་བོའི་ཁྱོན་ནའང་བཙལ་དུ་མེད་པའི་རིན་པོ་ཡིད་བཞིན་དབང་གི་རྒྱལ་བོ་གཅིག་པུར་འཁུམས་པས། ཁྲི་རྒན་འཇམ་དབྱངས་སྐུ་ཕྲེང་དྲུག་པ་མཆོག་གིས། མགོན་ཤུལ་གྱི་སྐྱ་སེར་མང་པོར་དབང་ལུང་སྩོལ་སྐབས་འདི་ལྟར་གསུངས་ཏེ། ང་ལྟ་བུའི་བླ་མ་དང་རྒད་པོ་དག་གི་རུས་པར་ཕྱག་འཚལ་བས་བྱིན་རླབས་ཅི་ཡང་འབྱུང་རྒྱུ་མེད་ལ། སྐུ་གདུང་ཟེར་བ་དེ་བྱ་ཁྱུང་དུ་བཞུགས་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་ལྟ་བུ་ཞིག་ལ་སྐུ་གདུང་ཟེར་བ་རེད་ཅེས་གསུངས་བ་འདིས་ཀྱང་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་ཆེ་བའི་སྙིང་བོ་རུས་པའི་རྐང་ནས་དབྱུང་བ་དང་མཚུངས་སོ།།

གཞན་ཡང་ཆོས་རྗེ་མཆོག་གི་དུས་གསུམ་རྗེན་པར་གཟིགས་པའི་མངོན་མཁྱེན་ཐོགས་མེད་ཀྱི་ཆེ་བ་དང་། བྲག་དང་རྡོ་ཡང་འདམ་བཞིན་བརྫི་བའི་གྲུབ་པའི་དབང་ཕྱུག་གི་བརྟུལ་ཞུགས་འཛིན་པའི་ཐུན་མིན་ཆེ་བ་སོགས་མང་དུ་འདུག་ཀྱང་བྲི་བར་མ་སྤོབས་སོ།།

 


上一篇:གཙང་ཁུལ་གྱི་གནའ་བོའི་ལུགས་བཟང་གཉེན་བཤད་རྣ་བའི་བདུད་རྩི།

下一篇:ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྣམ་ཐར་མདོར་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783917 位访客